dark_mode
Thursday, 26 December 2024

Welcome to the National Assembly of Bhutan

རྩིས་ལོ་ ༢༠༢༤-༢༠༢༥ ཅན་མའི་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་དང་ རྩིས་ལོ་ ༢༠༢༣-༢༠༢༤ འི ལྷན་ཐབས་འཆར་དངུལ་གྱི་ ལྷག་ཐེངས་གསུམ་པ།

རྩིས་ལོ་ ༢༠༢༤-༢༠༢༥ ཅན་མའི་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་དང་ རྩིས་ལོ་ ༢༠༢༣-༢༠༢༤ འི ལྷན་ཐབས་འཆར་དངུལ་གྱི་ ལྷག་ཐེངས་གསུམ་པ།

བར་མཚམས་གཤོང་ཕུག་གི་འཐུས་མི་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གི་ཁྲི་འཛིན་གྱིས རྩིས་ལོ་ ༢༠༢༤-༢༠༢༥ ཅན་མའི་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་དང་ རྩིས་ལོ་ ༢༠༢༣-༢༠༢༤ ཅན་མའི་ འཆར་དངུལ་ལྷན་ཐབས་མ་དངུལ་གྱི་ བསྐྱར་ཞིབ་སྙན་ཞུ་ཕུལ་ཡི། 

ཁྲི་འཛིན་གྱིས་ ཚོགས་ཆུང་གི་ཞིབ་རྟོགས་ཚུ་དང་གཅིག་ཁར་ རྩིས་ལོ་ ༢༠༢༤-༢༠༢༥ དང་ རྩིས་ལོ་ ༢༠༢༣-༢༠༢༤ གི་ རྒྱལ་ཡོངས་འཆར་དངུལ་གུ་ གཤམ་འཁོད་ཀྱི་ གྲོས་འདེབས་ ༡༦ ཕུལ་ཡི།

གྲོས་འདེབས།

༡. དངུལ་རྩིས་ལྷན་ཁག་གིས་ ལམ་ལུགས་དང་ སྒྲིག་གཞི་དང་འཁྲིལ་ ལྷན་ཐབས་ཀྱི་དཔྱ་བགོའི་འཆར་དངུལ་ དངུལ་ཀྲམ་ས་ཡ་ ༣༢༢༤.༩༢༤ ཕུལ་ཡོད་མི་ལུ་ ཚོགས་ཆུང་གིས་ ངོས་ལེན་ཕུལ་ཡོདཔ་བཞིན་དུ་ ཚོགས་དམངས་ཀྱི་ ཆ་འཇོག་གནང་དགོ་པའི་གྲོས་འདེབས། 

༢. རྒྱལ་ཡོངས་ཟས་བཅུད་བརྟག་དཔྱད་འཕྲུལ་ཁང་གི་ ལྕོགས་གྲུབ་ཡར་དྲག་གཏང་ནི་དང་ ཕྱིར་ཚོང་དང་ ནང་འདྲེན་གྱི་ཞབས་ཏོག་ཚུ་ ལེགས་བཅོས་འབད་ཐབས་ལུ་ འཆར་དངུལ་ དངུལ་ཀྲམ་ས་ཡ་ ༡༤༠.༦༡ གནང་དགོ་པའི་གྲོས་འདེབས། 

༣. རྒྱལ་ཁབ་ནང་ ཉི་དྲོད་གློག་མེ་ལས་འགུལ་ཚུའི་ལམ་ལུགས་ཚུ་ ལེགས་ཤོམ་སྦེ་གཞི་བཙུགས་འབད་དགོཔ་དང་ དེ་གི་ལས་སྣ་ཚུ་ ཡུན་བརྟན་སྦེ་བཞག་ཐབས་ལུ་ བདག་དབང་དང་འགན་འཁྲི་ཚུ་ བཀལ་ཞིནམ་ལས་ དེ་གི་འཆར་དངུལ་འདི་ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་ལུ་གནང་སྟེ་ ལག་ལེན་འཐབ་བཅུག་དགོ་པའི་གྲོས་འའདེབས། 

༤. སོ་ནམ་ཚོང་འབྲེལ་གྱི་ལཱ་ནང་ གཞུང་གིས་ མ་རྩ་གཞི་བཙུགས་ སྦོམ་སྦེ་འབད་ཡོད་མི་ལུ་ ཞིབ་འཚོལ་འབད་དེ་ དབྱེ་བ་དཔྱད་ཞིནམ་ལས་ ནཱ་ལས་ཕར་ རིག་རྩལ་གྱི་འོས་འབབ་ཡོད་མེད་བལྟ་སྟེ་ འོས་འབབ་ཡོད་པ་ཅིན་ དེ་བསྟུན་གྱི་ ཐོན་སྐྱེད་ལག་ལེན་འཐབ་ཐངས་ཚུའི་ འཆར་གཞི་བཟོ་ཞིནམ་ལས་ འགན་འཁྲི་དང་འགན་ཁུར་ཚུ་ ཁེ་གྱོང་ཅན་གྱི་མི་ངོམ་ཚུ་ལུ་ སྤྲོད་དགོཔ་དང་ སྤྱི་རུབ་ཐོག་ལཱ་འབད་མི་ སོ་ནམ་པ་ཚུ་ལུ་ གཞུང་གིས་ མ་དངུལ་རྒྱབ་སྐྱོར་གནང་སྲོལ་ཡོད་མི་དེ་ ད་ལས་ཕར་ མ་དངུལ་འདི་ སོ་ནམ་འཕྲུལ་ཆས་ལས་འཛིན་ཚད་ལུ་ ལུ་སྤྲོད་ཞིནམ་ལས་ བདག་དབང་དང་ འགན་ཁུར་བཀལ་དགོ་པའི་ གྲོས་འདེབས། 

༥. གཞུང་གིས་ ལྕགས་སྐུད་ར་བ་གི་དོན་ལུ་ འཆར་དངུལ་ དངུལ་ཀྲམ་ས་ཡ་ ༤༥ གནང་སྟེ་ཡོད་མི་འདི་ མི་དང་ རི་དྭགས་སེམས་ཅན་བར་གྱི་བྲེལ་ཟིང་དང་ རི་དྭགས་སེམས་ཅན་གྱི་གནོད་རྐྱེན་ཚུ་ རྫོང་ཁག་དང་ ས་གོ་ག་ཏེ་ལུ་ མངམ་ཡོདཔ་ཨིན་ན་གི་ དབྱེ་བ་ཚུ་ ལེགས་ཤོམ་སྦེ་དཔྱད་ཞིནམ་ལས་ དགོས་མཁོ་དང་བསྟུན་ གནང་དགོ་པའི་གྲོས་འདེབས།

༦. Koufuku International འདི་ འབྲུག་མི་སེར་རྒྱུ་ནོར་ཚད་འཛིན་གྱི་ བདག་དབང་ལུ་ཨིནམ་ལས་ ལུ་ གཞུང་གིས་ བུ་ལོན་ལེན་ཐོག་ དངུལ་ཀྲམ་ ས་ཡ་ ༧༧.༠༥༥ དཔྱ་བགོ་འབད་ཡོད་མི་འདི་ རྒྱལ་ཡོངས་འཆར་དངུལ་ནང་ལས་བཏོན་ཏེ་ བུ་ལོན་ལོག་ བཏབ་ནི་གི་འགན་ཁུར་འདི་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་འཛིན་ལུ་བཀལ་ཞིནམ་ལས་  རྩིས་ཁྲ་དང་འབྲེལ་བའི་ བྱ་རིམ་ཚུ་ ལེགས་ཤོམ་སྦེ་ རྩིས་སྤྲོད་འབད་དགོ་པའི་གྲོས་འདེབས། 

༧. སྣུམ་འཁོར་ལམ་འདི་ དཔལ་འབྱོར་གོང་འཕེལ་དང་ མི་སེར་ཚུའི་འཚོ་བ་སྐྱོང་ནི་ལུ་ དགོས་མཁོ་ཅན་ཅིག་སྦེ་ ངོས་འཛིན་འབད་ཡོད་དོ་བཟུམ་སྦེ་ འཁོར་ལམ་གྱི་ མ་དངུལ་དཔྱ་བགོ་འདི་ རྫོང་ཁག་དང་ ལུང་ཕྱོགས་སྦེ་མེན་པར་ འཁོར་ལམ་གྱི་དགོས་མཁོ་ཆེ་ཆུང་དང་ སྤུས་ཚད་ མཐུན་རྐྱེན་ཡོད་མེད་ལུ་གཞི་བཞག་སྟེ་གནང་དགོཔ་དང་ དེ་མ་ཚད་ རྫོང་ཁག་འཁོར་ལམ་གྱི་བཟོ་སྐྲུན་དང་ཉམས་བཅོས་ཀྱི་དོན་ལུ་ འཆར་དངུལ་  དངུལ་ཀྲམ་ས་ཡ་ ༨༦༧ གནང་ཡོད་མི་དེ་ཡང་ ས་གོ་དང་ ལས་སྣ་ཚུ་ ངོས་འཛིན་འབད་ཞིནམ་ལས་ ལག་ལེན་འཐབ་དགོ་པའི་གྲོས་འདེབས། 

 

༨. འབྲུག་གི་མི་མང་དངུལ་རྩིས་བཅའ་ཁྲིམས་ ༢༠༠༧ ཅན་མའིདོན་ཚན་ ༥ པ་དང་འཁྲིལ་ གཞུང་གིས་་ འབྲུག་སྔོ་ལྗང་ལས་འཛིན་གྱི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་ ༢༥.༩༩༠ དཔྱ་བགོ་འབད་ཡོད་མི་འདི་ འཆར་དངུལ་ནང་ལས་ བཏོན་གཏང་དགོ་པའི་གྲོས་འདེབས། 

༩. འབྲུག་གི་རྩ་ཁྲིམས་ཆེན་མོའི་དགོངས་དོན་ལྟར་དུ་ ལུང་ཕྱོགས་གོང་འཕེལ་གྱི་དོན་ལུ་ དགོས་མཁོ་ཚུ་དང་ བསྟུན་ གཞུང་གིས་ ལས་འགུལ་དང་འབྲེལ་བའི་ གནང་སྦྱིན་གྱི་ དཔྱ་བགོའི་ལམ་ལུགས་གཅིག་བཟོ་སྟེ་ བསྐྱར་ཞིབ་ཀྱི་དོན་ལུ་ དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་ལུ་གནང་ཞིནམ་ལས་ ཚོགས་ཆུང་གིས་བསྐྱར་ཞིབ་འབད་དེ་ ཆ་སྦྱོར་གྱི་དོན་ལུ་ ཚོགས་དམངས་ལུ་ སྙན་ཞུ་ཕུལ་དགོཔ་དང་ གཞུང་གིས་ ལས་སྣ་སྦོམ་ཚུ་ གཙུག་སྡེ་གིས་ བརྟག་ཞིབ་འབད་ནི་གི་ ཐབས་ལམ་སྒྲིག་དགོ་པའི་གྲོས་འདེབས། 

༡༠.   གཞུང་གིས་ ལོ་ངོ་དང་པའི་ནང་ དངུལ་འབྲེལ་རྩིས་ཆད་འདི་ མར་ཕབ་དགོཔ་དང་ (དེ་ཡང་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ ༣ གྱི་འོག་ལུ་ཕབ་དགོཔ་དང་) ལོ་ངོ་ཤུལ་མ་ལས་ དེ་དང་འཁྲིལ་མཛད་དགོ་པའི་གྲོས་འདེབས། 

༡༡.   གསར་སྒྲུབ་ཀྱི་མ་དངུལ་ དོན་སྨིན་ཅན་སྦེ་སྤྱོད་ཐབས་ལུ་ གཞུང་གིས་ ཐབས་ལམ་ལེགས་ཤོམ་ཅིག་གཞི་བཙུགས་འབད་དགོཔ་ ཡང་ན་ མ་དངུལ་ལག་ལེན་འཐབ་མི་ ལས་སྡེ་ཚུའི་ལྕོགས་གྲུབ་དང་བསྟུན་ གསར་སྒྲུབ་མ་དངུལ་ མར་ཕབ་འབད་དགོ་པའི་གྲོས་འདེབས།

༡༢.   གཞུང་གིས་ ཚོགས་ཁང་གི་གྲོས་འདེབས་དང་བསྟུན་ འཆར་ལོ་ ༢༠༢༤-༢༠༢༥ འི་ནང་ མི་སྟོབས་དང་ ཞིབ་འཚོལ་གོང་འཕེལ་གྱི་དོན་ལུ་ འཆར་དངུལ་གནང་དགོ་པའི་གྲོས་འདེབས། 

 

༡༣.   རྒྱལ་ཁབ་ནང་ གོང་ཚད་ཡར་སེང་ལས་བརྟེན་ མི་སེར་ཉམ་ཆུང་ཚུ་ལུ་ ཐོ་ཕོག་ཡོདཔ་ལས་ གཞུང་གིས་ གོང་ཚད་ཡར་སེང་འདི་ མར་ཕབ་འབད་ནི་གི་ ཐབས་ལམ་ཚུ་ འགྲིག་དགོ་པའི་གྲོས་འདེབས། 

 

༡༤.   གཞུང་གིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་གཅིག་ཁར་ གྲོས་བསྟུན་ཐོག་ དཔལ་འབྱོར་ལུ་ ཐོ་མ་ཕོག་ནིའི་དོན་ལུ་ དངོས་སྒྱུར་དངོས་པོ་ཐེབས་ཚུ་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ ཐབས་ལམ་གསརཔ་བཏོན་དགོ་པའི་གྲོས་འདེབས།

 

༡༥.   ཕྱིའི་མ་རྩ་གསོག་འཇོག་འདི་ རྒྱུན་སྐྱོང་འབད་ཐབས་ལུ་ གཞུང་གིས་ ཕྱིར་ཚོང་ལུ་མངམ་བརྩོན་ཤུགས་བསྐྱེད་དགོཔ་དང་ ནང་འཁོད་ཀྱི་ཐོན་ཁུངས་ཚུ་ ཡར་དྲག་བཏང་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་དགོ་པའི་གྲོས་འདེབས། 

༡༦.   སྤྱི་ལོ་ ༢༠༢༤ ཟླ་ ༤ པ་ལས་ སྐྱ་ནམ་གྱི་གོང་ཚད་ ཡར་སེང་འགྱོ་མི་དེ་གིས་ དངུལ་ཀྲམ་གྱི་ ཉོ་ནིའི་ནུས་ཤུགས་དེ་ཡང་ བརྒྱ་ཆ་ ༤.༨ ལུ་ མར་བབས་སོང་ཡོདཔ་ལས་བརྟེན་ གཞུང་གིས་ རྒྱུན་སྐྱོང་གི་མ་དངུལ་ནང་ལུ་ གོང་ཚད་ཡར་སེང་འགྱོ་མི་དེ་ སྙོམ་སྒྲིག་འབད་དགོ་པའི་གྲོས་འདེབས་བཅས་ གྲོས་འདེབས་ཁག་ ༡༦ ཕུལ་ཡི།

ད་རིས་ཉིནམ་གཅིག་གི་ཚོགས་ཞུགས་ཀྱི་སྐབས་ལུ་ ཚོགས་ཆུང་གིས་ཕུལ་མི་ གྲོས་འདེབས་ག་ར་ ཆ་འཇོག་གྲུབ་ཡོད་རུང་ ཚོགས་དམངས་ཀྱིས་ འགྲོས་འདེབས་གཉིས་པའི་ཐད་ཁར་ ཚོགས་ཆུང་གིས་བསྐྱར་ཞིབ་གནང་སྟེ་ ལོག་ནངས་པར་ཚོགས་དམངས་ལུ་ སྙན་ཞུ་ཕུལ་དགོ་པའི་བཀའ་གནང་ཡི། 

རྩིས་ལོ་ ༢༠༢༤-༢༠༢༥ ཅན་མའི་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་དང་ རྩིས་ལོ་ ༢༠༢༣-༢༠༢༤ གི་ལྷན་ཐབས་མ་དངུལ་ཡོངས་འཛོགས་ ཆ་འཇོག་གནང་ནིའི་ གྲོས་ཐག་འདི་ཡང་གནངས་པ་གཅད་གནང་ནི་ཨིན་གནས་ཚུལ།


comment

vote / poll

How should the government react to Bhutanese leaving to Australa ?

view_results
Encourage them
67%
Discourage them
18%
Stop them from leaving
15%