
སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༡ པའི་ཚེས་ ༢༩ ལུ་ ཡང་བསྐྱར་ སྡེ་ཚན་ ཀ༽ པའི་བློན་པོ་ཚུ་གི་ དྲི་བ་དྲིས་ལན་ལས་རིམ།
འབྲེལ་ཡོད་ སྡེ་ཚན་ ཀ༽
པའི་ བློན་པོ་ཚུ་གི་དོན་ལུ་ དྲི་བཀོད་ལས་རིམ་སྐོར་ཐེངས་ ༢ པའི་སྐབས་ ཚོགས་ཁང་གིས་
ངག་ཐོག་གི་དྲི་བ་ ༥ དང་ ཡིག་ཐོག་གི་དྲི་བ་ ༣ ཕུལ་ཡི། ངག་ཐོག་དྲི་བ་ ༢ དང་
ཡིག་ཐོག་དྲི་བ་ ༡ བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་བློན་པོ་ལུ་ཕུལ་ཡོདཔ་ད་
ངག་ཐོག་དྲི་བ་ ༣ དང་ ཡིག་ཐོག་དྲི་བ་ ༢ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་བློན་པོ་ལུ་
ཕུལ་ཡོདཔ་ཨིན་པས།
ལམ་གོང་ཝང་ཅང་འདེམས་ཁོངས་འཐུས་མི་གིས་
སྡོད་ཁྱིམ་གྱི་གཤམ་བར་རྐྱབ་ནིའི་ གནང་བ་གནང་པའི་སྐབས་ སྟབས་མ་བདེཝ་ཐོན་དོ་ཡོད་པའི་
ཚ་གྱས་ཚུ་བཤད་ཡོདཔ་ད་ ལ་ལུ་ཅིག་ལུ་ ཉེས་བྱ་བཀལ་ནི་དང་ ལ་ལུ་ཅིག་ བཤིགཔ་བཏང་ནི་
ཡང་ན་ ཉེས་བྱ་བཀལ་ཚར་བའི་ཤུལ་ལས་ རྒྱུན་བརྟུན་བཟོ་དོ་ཡོདཔ་ཨིན་པའི་ཞུ་བ་ཕུལ་ཡི།
འཐུས་མི་གིས་ ལམ་ལུགས་འདི་ཚུ་ གཙོ་བོ་ར་ ཉེས་བྱ་བསྡུ་ལེན་གྱི་ ཐབས་ལམ་ཅིག་སྦེ་
ལག་ལེན་འཐབ་དོ་ཡོདཔ་ལས་ ཁྱད་པར་ཅན་གྱི་ སྐྱོང་བཞག་དང་ ཤོ་མཚུངས་སྦེ་
བསྟར་སྤྱོད་མ་འབད་བའི་སྐོར་ལས་ ཧིང་སང་ས་བཟོ་དགོཔ་སྦེ་ བློན་པོ་ལུ་ ཞུ་བ་ཕུལ་ཡི།
དཀྱིལ་འཁོར་ཐང་མནྜལ་སྒང་འདེམས་ཁོངས་འཐུས་མི་གིས་
ས་གནས་གཞུང་ཚུ་གི་ ས་གནས་ས་ཁོངས་འཆར་གཞི་དང་ ཁྲོམ་སྡེ་གོང་འཕེལ་གྱི་
འཆར་གཞི་གཞན་ཚུ་ བཟོ་བའི་སྐབས་ གདོང་ལེན་བྱུང་མི་གི་སྐོར་ལས་ གཞི་རྟེན་མཁོ་ཆས་དང་
སྐྱེལ་འདྲེན་ལྷན་ཁག་གི་ བློན་པོ་ལུ་དྲི་བ་ཞུ་ཡི། འཐུས་མི་གིས་ ས་གནས་གཞུང་ཚུ་ལུ་
ཁྲོམ་སྡེ་འཆར་གཞི་བརྩམ་ནིའི་དོན་ལུ་ དགོས་མཁོའི་ལྕོགས་གྲུབ་དང་
ཐོན་ཁུངས་ཚུ་མེདཔ་ལས་ ཁྲོམ་སྡེ་དང་ ཡན་ལག་ཁྲོམ་སྡེ་ ག་རའི་དོན་ལུ་བཟོ་བཀོད་དང་
ཡང་ཅིན་ འཆར་གཞི་ཨམ་བཟོ་ནི་ཚུ་ ལས་སྡེ་ལྟེ་བ་གིས་
འགོ་ཁྲིད་འབད་དགོཔ་ཨིན་ན་ཟེར་བའི་ དྲི་བ་ཞུ་ཡོདཔ་ཨིན་པས།
དགེ་ལེགས་ཕུག་འདེམས་ཁོངས་འཐུས་མི་གིས་
ཐིམ་ཕུག་ལུ་ སྣུམ་འཁོར་གྱི་གྱངས་ཁ་ ཡར་སེང་འགྱོ་མི་ལུ་བརྟེན་ གདོང་ལེན་བྱུང་མི་ཚུ་
སེལ་ཐབས་ཀྱི་དོན་ལུ་ ད་རེས་དང་ ཤུལ་མའི་ འཆར་གཞི་ཚུ་གི་སྐོར་ལས་ འགྲུལ་སྐྱོད་ཀྱི་
རྒྱུན་འགྲུལ་ཡར་དྲག་གཏང་ནི་དང་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་ཚུ་
བསལ་ཐབས་ཀྱི་ལས་རིམ་དང་ སྲིད་བྱུས་ ཡང་ན་ གཞི་རྟེན་ལས་འགུལ་གང་རུང་ཅིག་
འགོ་འདྲེན་འཐབ་དགོ་པའི་སྐོར་ལས་ཞུ་ཡི།
བློན་པོ་གིས་ གནད་དོན་ཚུ་
ངོས་ལེན་འབད་ཡོདཔ་མ་ཚད་ འབྲུག་གི་སྒྲིང་ཁྱིམ་སྒྲིག་གཞི་ ༢༠༢༣ ཅན་མ་དང་འཁྲིལཝ་ད་ ད་རེས་བཟོ་བཀོད་བཟོ་ནིའི་དབང་ཚད་དེ་
རྫོང་ཁག་བདག་སྐྱོང་ལུ་ཡོདཔ་ཨིན་རུང་ དེ་འདི་ གནས་སྐབས་ཅིག་གི་དོན་ལུ་ཨིནམ་དང་
ལྷན་ཁག་གིས་ བཟོ་སྐྲུན་ལམ་ལུགས་ཀྱི་ ཆ་འཇོག་འདི་ མགྱོགས་པ་ར་ ལག་ལེན་འཐབ་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
ལྷན་ཁག་གིས་ ལམ་ལུགས་དེ་ ལག་ལེན་འཐབ་ནིའི་དོན་ལུ་ ས་གནས་ཀྱི་འགོ་ཁྲིདཔ་ཚུ་ལུ་
སྦྱོང་བརྡར་བྱིན་ཚར་ཡོདཔ་ད་ དེ་གིས་ ཞབས་ཏོག་ཕྱིར་འགྱངས་ལུས་མི་ཚུ་ བསལ་ཚུགས་ནི་དང་
ངན་ལྷད་མར་ཕབ་འབད་ནི་ དེ་ལས་ བྱ་རིམ་ཚུ་ མགྱོགས་དྲགས་བཟོ་ནི་གི་
རེ་བ་བསྐྱེདཔ་ཨིན་པས། བློན་པོ་གིས་ ལས་མི་མ་ལང་མི་ལས་བརྟེན་ དེ་བཟུམ་གྱི་
བྱ་སྤྱོད་བྱུང་མི་ རྒྱུ་དངོས་ག་རའི་ནང་ བརྟག་ཞིབ་འབད་ནི་ལུ་
གདོང་ལེན་བྱུང་དོ་ཡོདཔ་སྦེ་ བཤད་ཅི། ཨིན་རུང་ སྤྱི་ལོ་ ༢༠༡༣ གྱི་ གཤམ་བར་གྱི་ སྒྲིག་གཞི་
གཞི་བཙུགས་འབད་ཡོད་མི་ལས་ལྷག་སྟེ་ གཤམ་བར་རྐྱབ་ནི་དེ་ ཁྲིམས་འགལ་ཨིནམ་སྦེ་
གསལ་ཏོག་ཏོ་སྦེ་ བཀོད་དེ་ཡོདཔ་ལས་ ལྷན་ཁག་གིས་ གནད་དོན་དེ་ཚུ་ སེལ་ཐབས་འབད་དེ་
ཁྲིམས་ལུགས་ཚུ་ དུས་རྒྱུན་དུ་ བསྟར་སྤྱོད་འབད་ནི་ལུ་ ངོས་ལེན་འབད་དེ་ཡོདཔ་ཨིན་པས།
ས་གནས་གཞུང་གི་བཅའ་ཁྲིམས་
༢༠༠༩ ཅན་མ་དང་ དེའི་འཕྲི་སྣོན་ ༢༠༡༤ ཅན་མ་ཚུ་དང་འཁྲིལཝ་ད་ LAP དང་ ཁྲོམ་ཚོགས་གོང་འཕེལ་འཆར་གཞི་བཟོ་ནི་གི་
འགན་ཁུར་དེ་ ས་གནས་གཞུང་ལུ་ཡོདཔ་སྦེ་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་བློན་པོ་གིས་
དྲིས་ལན་ཞུ་ཡི། ཨིན་རུང་ བློན་པོ་གིས་ ས་གནས་གཞུང་ལུ་ འཕྲལ་འཕྲལ་སྦེ་ར་
མཁས་མཆོག་དང་ མི་སྟོབས་མེད་མི་ལུ་བརྟེན་ གདོང་ལེན་བྱུང་དོ་ཡོདཔ་དེ་ ངེས་བདེན་ཨིན་པའི་
ངོས་ལེན་འབད་ཡི། དེ་འབདཝ་ལས་ ལྷན་ཁག་གི་འགན་ཁུར་འདི་
རྒྱབ་སྐྱོར་གྱི་གྲོགས་རམ་འབད་ནི་འདི་ཨིནམ་ལས་ གནས་སྡུད་ཀྱི་རྒྱབ་སྐྱོར་འདི་
འཕྲོ་མཐུད་དེ་ར་ འབད་ནི་ཨིན་ཟེར་ཞུ་ཡི། LAP གི་ འཆར་གཞི་ཚུ་
མི་མང་དང་གྲོས་བསྟུན་འབད་དེ་ བཟོ་གྲྭའི་ས་ཁོངས་དང་ གཞན་མི་ས་ཁོངས་གཙོ་བོ་ཚུ་
ས་གནས་ཀྱི་མི་སྡེ་ཚུ་དང་ མཉམ་འབྲེལ་ཐོག་ལས་ ངོས་འཛིན་འབད་དེ་
ཡར་རྒྱས་བཏངམ་ཨིན་ཟེར་ཞུ་ཡི། དེ་ལས་ བློན་པོ་གིས་ འཆར་གཞི་བརྩམ་པའི་སྐབས་
ཞི་གཡོགཔ་དང་ མི་སྡེ་ ༢ ཆ་ར་ གྲལ་གཏོགས་འབད་དགོཔ་ ཁག་ཆེཝ་མ་ཚད་ འཆར་གཞི་ཚུ་
ས་གནས་ཀྱི་ དགོས་མཁོ་དང་ རེ་འདོད་ཚུ་ འགྲུབ་ཐབས་ལུ་ཨིནམ་སྦེ་བཤད་ཅི།
མཐའ་ཟུར་གྱི་རྫོང་ཁག་དང་
ཁྲོམ་སྡེ་གོང་འཕེལ་འགྱོ་མ་ཚུགས་མི་ཚུ་ནང་ གཞུང་གིས་ བར་འཛུལ་འབད་དགོ་པའི་ གནད་དོན་འདི་
ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་ཡོདཔ་མ་ཚད་ ལྷག་པར་དུ་ ངང་ལམ་དང་ ལྷུན་རྩེ་ དར་དཀར་ན་
དེ་ལས་ ཧཱ་ལ་སོགས་པའི་ རྫོང་ཁག་ཚུ་གི་དོན་ལུ་ དམིགས་གཏད་ཅན་གྱི་ དང་ལེན་ཚུ་
མ་འབད་བ་ཅིན་ དེ་ཚུ་ གོང་འཕེལ་གྱི་རྒྱབ་ཁར་ལུས་ནི་གི་ ཉེན་ཁ་ཡོདཔ་སྦེ་ཞུ་ཡི། དེ་མ་ཚད་
བློན་པོ་གིས་འབད་བ་ཅིན་ ས་གནས་དེ་ཚུ་གི་ གོང་འཕེལ་གྱི་ དགོས་མཁོ་ཚུ་ བསལ་ཐབས་ལུ་
ས་གནས་གཞུང་ནང་ འཆར་དངུལ་ལངམ་སྦེ་མེདཔ་དང་ དེ་གི་སྐོར་ལས་ འཆར་དངུལ་བགོ་བཀྲམ་གྱི་
གྲོས་བསྡུར་སྐབས་ ས་གནས་གཞུང་ལུ་ འཆར་དངུལ་ ཉུང་ཤོས་བརྒྱ་ཆ་ ༡༠ དེ་ཅིག་
ཁྲོམ་སྡེ་གོང་འཕེལ་གྱི་དོན་ལུ་ བགོ་བཀྲམ་འབད་དགོཔ་ཁག་ཆེཝ་སྦེ་ཞུ་ཡི། ད་རུང་
བློན་པོ་གིས་ ད་ལྟོ་ཡང་ གཞི་བཙུགས་འབད་མ་ཚུགས་མི་ ཁྲོམ་སྡེ་གོང་འཕེལ་གྱི་
གནད་དོན་ཚུ་ བསྐྱར་ཞིབ་དང་ བརྩི་འཇོག་འབད་ནིའི་དོན་ལུ་ ཆེ་རིམ་ཚོགས་ཆུང་ཅིག་
གཞི་བཙུགས་འབད་དགོཔ་སྦེ་ ཁག་ཆེཝ་དང་བསྟུན་ ཚོགས་ཆུང་གཞི་བཙུགས་འབད་ནིའི་དོན་ལུ་
དྲུང་ཆེན་ཡིག་ཚང་དང་གཅིག་ཁར་ གྲོས་བསྟུན་འབད་ནི་ཨིནམ་ད་ དེ་གིས་
ཁྲོམ་སྡེ་འདི་ཚུ་དང་འབྲེལ་བའི་ དཀའ་ངལ་ཡོད་མི་ཚུ་ བསལ་ཚུགས་པའི་
གོ་སྐབས་ཡོད་ཟེར་ཞུ་ཡི།
ཐིམ་ཕུག་ལུ་
སྣུམ་འཁོར་མ་ཤོང་པའི་ ཚ་གྱས་ལས་བརྟེན་པའི་ དྲི་བ་བཀོད་པའི་ལན་ལུ་ བློན་པོ་གིས་
བློན་ཆེན་གྱིས་ བཀའ་རྒྱ་གནང་མི་དང་འཁྲིལ་ ཁྲོམ་སྡེ་གིས་ ཤོང་ཚུགས་པའི་ ལྕོགས་གྲུབ་བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་མ་ཚད་
ལྷན་ཁག་གིས་ གནད་དོན་དེ་ སེལ་ཐབས་ལུ་ ཐབས་ཤེས་ཐོག་ལས་ བཙོག་རླུང་ཉུང་བའི་
སྐྱེལ་འདྲེན་འཆར་གཞི་ཨམ་དང་ མི་མང་སྐྱེལ་འདྲེན་ཡར་དྲག་གཏང་ནི་ དེ་ལས་
འཕྲུལ་འབྲེལ་མིན་པའི་ སྐྱེལ་འདྲེན་གྱི་ གདམ་ཁ་ཚུ་ནང་ དམིགས་གཏད་བསྐྱེད་བཞིན་དུ་ཡོད་མི་དེ་
འགྲུབ་ཐབས་ལུ་ གློག་ཤུགས་མི་མང་སྐྱེལ་འདྲེན་ བཱསི་ ༤༠ དེ་ཅིག་མཁོ་སྒྲུབ་འབད་ནི་དང་
དམིགས་བསལ་གྱིས་ སྐྱེལ་འདྲེན་བཱསིའི་ བསྐྱོད་ལམ་ཚུ་ གཞི་བཙུགས་འབད་ནི་ དེ་ལས་
སྒེར་གྱི་སྣུམ་འཁོར་ལག་ལེན་འཐབ་མི་ མར་ཕབ་འབད་ནིའི་དོན་ལུ་ བཱསི་བཀག་སའི་
ས་ཁོངས་ཚུ་ ཡར་དྲག་གཏང་ནི་ཚུ་ཨིནམ་སྦེ་ཞུ་ཡི། དེ་བཟུམ་སྦེ་ར་
རྒྱལ་གཞུང་འབྲུག་གི་འགག་སྡེ་ཡང་ འགྲོ་འགྲུལ་འཛིན་སྐྱོང་གི་ནང་ལུ་ གྲལ་གཏོགས་འབད་བཅུག་ནི་ཨིན་མས།
ལྷན་ཁག་དང་ ཁྲོམ་སྡེ་ དེ་ལས་ ཁྲོམ་སྡེའི་བཱསི་ཞབས་ཏོག་ཚུ་རྩིས་ཏེ་
ལས་སྡེ་མ་འདྲཝ་ཚུ་གི་བར་ན་ མཉམ་འབྲེལ་འབད་ནི་འདི་ སྐྱེལ་འདྲེན་གྱི་
གདོང་ལེན་སྣ་ཚོགས་ཚུ་ བསལ་ནི་ལུ་ དམིགས་ཏེ་ཨིན་ཟེར་བཤད་ཅི།
མཁར་གཡུ་རུང་འདེམས་ཁོངས་འཐུས་མི་གིས་
སྤྱི་ཚོགས་བཞི་པའི་ ཚོགས་ཐེངས་དང་པའི་སྐབས་ གསུང་གྲོས་གནང་མི་དང་འཁྲིལ་ གཞུང་གིས་
བརྒྱུད་འཕྲིན་གནས་སྡུད་ཀྱི་ འཐུས་བརྒྱ་ཆ་ ༥༠ མར་ཕབ་འབད་ནི་ལུ་ རྩ་འགེངས་པའི་སྐོར་ལས་
བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་བློན་པོ་ལུ་ དྲི་བ་བཀོད་ཅི། འཐུས་མི་གིས་ དེ་བཟུམ་གྱི་མར་ཕབ་འདི་ཚུ་
མི་སེར་གྱི་རེ་བ་བསྐྱེད་མི་དང་འཁྲིལ་ ནམ་ལས་འཐོབ་ཚུགས་ག་ཟེར་བའི་ དྲི་བ་བཀོད་ཡོདཔ་མ་ཚད་
གལ་སྲིད་ ད་ལྟོའི་བརྒྱུད་འཕྲིན་མཁོ་སྤྲོད་འབད་མི་ཚུ་དང་ གྲོས་བསྟུན་འབད་མི་དེ་གིས་
གྲུབ་འབྲས་མ་ཐོན་པ་ཅིན་ འབྲུག་ལུ་ starlink
གི་ཞབས་ཏོག་ ནམ་ལས་བྱིན་ནི་ འགོ་བཙུགས་འོང་ག་ཟེར་བའི་
དྲི་བ་ཚུ་ཕུལ་ནུག།
གསེར་གྱི་ཐང་རྩི་རང་སྟོད་འདེམས་ཁོངས་འཐུས་མི་གིས་ འབྲུག་ལུ་ ཡོངས་འབྲེལ་གནས་སྡུད་ཀྱི་ གོང་ཚད་མཐོ་དྲགས་ཡོད་པའི་སྐོར་ལས་ དྲི་བ་བཀོད་ཡོདཔ་དང་ ཨིན་རུང་ གཞུང་གིས་ མར་ཕབ་འབད་ནི་ནང་ འབད་བརྩོན་བསྐྱེད་ཡོདཔ་ཨིན་པས། འཐུས་མི་གིས་ ཟད་འགྲོ་འདི་ཚུ་ མར་ཕབ་འབད་ནི་གི་དོན་ལུ་ དམིགས་བསལ་གྱིས་ ཐབས་ལམ་ག་ཅི་བཟུམ་ཅིག་ར་ བཏོན་དོ་ཡོདཔ་ཨིན་ན་དང་ སྤྱི་ལོ་ ༢༠༢༤ མཇུག་བསྡུ་ཁམས་ཅིག་ཁ་ལས་ ལག་ལེན་འཐབ་ཚུགས་ག་ཟེར་བའི་ དྲི་བ་བཀོད་ཅི།
བློན་པོ་གིས་ གཞུང་གིས་ བརྒྱུད་འཕྲིན་གནས་སྡུད་ཀྱི་ འཐུས་བརྒྱ་ཆ་ ༥༠ མར་ཕབ་འབད་ནི་ལུ་ ཕྱག་ལཱ་གནང་པའི་བསྒང་ཡོད་པའི་ལས་རིམ་དེ་ཡང་ རྒྱལ་ཡོངས་ཨང་ཅན་གཞི་འགྱུར་གྱི་ འཆར་གཞིའི་ཆ་ཤས་ཅིག་ཨིནམ་མ་ཚད་ ལོ་ལྔའི་འཆར་གཞི་༡༣ པའི་ནང་ལུ་ཡང་ བཙུགས་ཏེ་ཡོདཔ་ཨིན་པས། བློན་ཆེན་གྱིས་ ལྷན་ཁག་ལུ་ དེ་ལུགས་ཀྱི་བཀོད་རྒྱ་ཚུ་ཡང་ གནང་ཡོདཔ་ད་ རྒྱལ་ཁབ་ནང་འཁོད་ལུ་ ཡོངས་འབྲེལ་གྱི་འཐུས་ མར་ཕབ་འབད་ནིའི་དོན་ལུ་ གཞུང་གི་ལས་སྡེ་ Gov-Tech དང་ BICMA དེ་ལས་ ཡོངས་འབྲེལ་གྱི་ ཞབས་ཏོག་བྱིན་མི་ཚུ་གིས་ མཉམ་འབྲེལ་འབད་དོ་ཡོདཔ་ཨིན་པས། ལྷན་ཁག་གིས་ འབྲེལ་ཡོད་ ཞབས་ཏོག་བྱིན་མི་ག་ར་དང་ གྲོས་བསྟུན་འབད་དེ་ སྤྱི་ལོ་ ༢༠༢༤ ཟླ་ ༨ པའི་ཚེས་ ༡༥ གི་ནང་འཁོད་ལུ་ སྙན་ཞུ་བྱིན་དགོ་པའི་ འགན་ཁུར་ཡང་སྤྲོད་ཡོདཔ་ཨིན་པས། འཆར་གཞི་འདི་ བསྐྱར་ཞིབ་དང་ ལག་ལེན་འཐབ་ནིའི་དོན་ལུ་ དམིགས་བསལ་ཚོགས་ཆུང་ཅིག་ གཞི་བཙུགས་འབད་དེ་ཡོདཔ་མ་ཚད་ གནད་དོན་འདི་ཆ་ཚང་སྦེ་ ལག་ལེན་འཐབ་ནི་ལུ་ ཟླཝ་དག་པ་ཅིག་ འགོར་ནི་ཨིན་རུང་ ཡོངས་འབྲེལ་གྱི་ འཐུས་བརྒྱ་ཆ་ ༥༠ མར་ཕབ་འབད་ནི་གི་ དམིགས་གཏད་དེ་ འགྲུབ་ཚུགས་པའི་ འོས་འབབ་སྦོམ་ཡོདཔ་ཨིན་པས། ད་རུང་ བློན་ཆེན་གྱིས་ རྒྱ་གར་གཞུང་དང་གཅིག་ཁར་ ནང་འདྲེན་གྱི་ ཡོངས་འབྲེལ་གྱི་ འཐུས་མར་ཕབ་འབད་ནིའི་དོན་ལུ་ གྲོས་བསྟུན་འབད་དོ་ཡོདཔ་མ་ཚད་ བློན་ཆེན་གྱི་བཀའ་རྒྱ་དང་འཁྲིལ་ དུས་ཅི་ ལོ་མཇུག་བསྡུ་ཁམས་ཅིག་ཁ་ལས་ མར་ཕབ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་འོང་ཟེར་ ཁས་བླངས་འབད་ཡི།