dark_mode
Friday, 14 March 2025
ཚོགས་ཐེངས་དང་པའི་གྲོས་ཆོད་ཚུ་གི་ཐོག་ལུ་ གྲོས་ཆོད་དང་ལེན་གྱི་སྙན་ཞུ།

ཚོགས་ཐེངས་དང་པའི་གྲོས་ཆོད་ཚུ་གི་ཐོག་ལུ་ གྲོས་ཆོད་དང་ལེན་གྱི་སྙན་ཞུ།

བློན་ཆེན་དང་ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་བློན་པོ་གིས་ ཚོགས་ཐེངས་དང་པའི་ གྲོས་ཆོད་ཚུ་ RCSC གི་ Max System བསྐྱར་ཞིབ་ཀྱི་ དང་ལེན་སྙན་ཞུ་དང་། དེ་ལས་ སོ་ནམ་ཞིང་ལམ་ནང་ གློག་མེའི་ཀཝ་དང་ གློག་ཐག་སྤྲིང་མི་ལས་བརྟེན་ སྟབས་མ་བདེཝ་ཐོན་མི་ཚུ་གི་སྐོར་ལས་ གྲོས་ཆོད་ དང་ལེན་སྙན་ཞུ་ཚུ་ གོ་རིམ་སྦེ་ གསལ་ཞུ་ཕུལ་ཡི།

 

ཞི་གཡོགཔ་ཚུ་གི་ དབྱེ་དཔྱད་བརྟག་ཞིབ་རིམ་ལུགས་ ༼MaX System༽ དང་ བཙན་ཤེད་ཀྱི་གནས་རིམ་ ལམ་ལུགས་ཀྱི་བསྐྱར་ཞིབ་སྙན་ཞུ།

 

བློན་ཆེན་གྱིས་ ཞི་གཡོག་གི་ ལཱ་གི་གྲུབ་འབྲས་འཛིན་སྐྱོང་གི་ གཞི་བཀོད་ཡར་དྲག་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་པའི་བསྒང་ཡོད་མི་ལུ་ གཙོ་བོར་བཏོན་ཐོག་ལས་ རྒྱབ་སྐྱོར་དང་ སེམས་ཤུགས་བསྐྱེད་བཅུག་ནིའི་ གནས་སྟངས་ཅིག་དགོཔ་འདུག་ཟེར་ ཞུ་ཡི། གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ ཞི་གཡོགཔ་ཚུའི་ དབྱེ་དཔྱད་བརྟག་ཞིབ་རིམ་ལུགས་དང་འབྲེལ་བའི་ དགོངས་ཞུ་འབད་མིའི་ གྱང་ཁ་ཡར་སེང་འགྱོ་མི་གི་ ཚ་གྱས་ཡོད་ལུགས་ཚུ་བཀོད་མི་དེ་ལུ་ གཞིར་བཞག་སྟེ་ གཞུང་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ གྲོས་བསྟུན་འབད་ཞིནམ་ལས་ ལམ་ལུགས་དེ་ བསྐྱར་ཞིབ་འབད་ནི་གི་ ཁས་བླངས་འབད་ཡི།

 

དེ་མ་ཚད་ བཙན་ཤེད་ཀྱི་ གནས་རིམ་བཀོད་ནི་གི་ འགན་ཁུར་མེན་པར་ ཁྱད་འཕགས་ཅན་གྱི་ལམ་སྲོལ་ཚུ་ གོང་འཕེལ་གཏང་ཐབས་ལུ་ ལམ་ལུགས་འདི་ ལག་ལེན་དྲག་ཤོས་ཚུ་དང་ མཐུན་སྒྲིག་འབད་དགོཔ་ཁག་ཆེ་ཟེར་ཞུ་ཡི། ཨིན་རུང་ བློན་ཆེན་གྱིས་ ལྷན་ཚོགས་འདི་ རྩ་ཁྲིམས་ཅན་གྱི་རང་དབང་གཙུག་སྡེ་ཅིག་འབདཝ་ལས་ རྒྱལ་ཡོངས་ཚོགས་འདུའི་ གྲོས་ཆོད་ཚུ་ གྲོས་འདེབས་རྐྱངམ་གཅིག་སྦེ་ ཕྱག་ཞུ་དོ་ཡོདཔ་ལས་ ལམ་ལུགས་དེ་ བསྐྱར་ཞིབ་འབད་ནི་གི་ དབང་ཚད་ཡོདཔ་སྦེ་ བློན་ཆེན་གྱིས་ཞུ་ཡི།

 

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་སྙན་ཞུ་ནང་གསལ་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ ཞིབ་འཚོལ་གྱི་གནས་སྡུད་ནང་ལུ་ དགོངས་ཞུ་འབད་མིའི་ གྱང་ཁ་ཡར་སེང་འགྱོ་མི་དང་ ཞི་གཡོགཔ་ཚུ་གི་ དབྱེ་དཔྱད་བརྟག་ཞིབ་རིམ་ལུགས་ཀྱི་བར་ན་ ཐད་ཀར་དུ་ འབྲེལ་བ་མེདཔ་སྦེ་ཐོན་ཡོདཔ་ད་ འདི་ཡང་ ཞི་གཡོགཔ་དགོངས་ཞུ་འབད་མིའི་ གནད་དོན་གཙོ་བོ་ར་ ཤེས་ཡོན་ལྷབ་ནི་དང་ བཟའ་ཚང་གི་གནད་དོན་ དེ་ལས་ གོ་སྐབས་ལེགས་ཤོམ་ཚུ་ འཚོལ་མི་ཚུ་ཨིནམ་སྦེ་བཀོད་ཡོདཔ་ཨིན་མས།

 

འཛམ་གླིང་ནང་ལུ་ ཞི་གཡོགཔ་ཚུ་གི་ དབྱེ་དཔྱད་བརྟག་ཞིབ་རིམ་ལུགས་བཟུམ་གྱི་ ལཱ་གི་གྲུབ་འབྲས་ འཛིན་སྐྱོང་གི་ལམ་ལུགས་འདི་ ཁག་ཆེ་ཤོས་ཅིག་ཨིན་རུང་ འཕྲལ་འཕྲལ་སྐབས་ རྩོད་ཉོག་ཅན་ཅིག་ཡང་ཨིན་མས། འབྲུག་གི་ཞི་གཡོགཔ་ཚུ་གི་དབྱེ་དཔྱད་བརྟག་ཞིབ་རིམ་ལུགས་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཞི་གཡོག་གཞི་སྒྱུར་གྱི་ དགོངས་དོན་དང་འཁྲིལ་ མི་ངོ་རྐྱང་གི་ ལཱ་འགན་ཚུ་ ལས་སྡེ་གི་དམིགས་ཡུལ་ཚུ་དང་ མཐུན་སྒྲིག་འབད་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིནམ་མས། ཞི་གཡོགཔ་གཞོནམ་ཚུ་གིས་ མཐུན་སྒྲིག་འབད་ཚུགས་པའི་ ལྕོགས་གྲུབ་སྟོན་པའི་སྐབས་ ལས་བྱེདཔ་རྒན་ཤོས་ཚུ་གིས་ འཕྲལ་འཕྲལ་ར་ འགྱུར་བ་ལུ་ ངོས་ལེན་འབད་དོ་མེདཔ་ཨིན་མས།

 

Bell-Curve ལུ་ སྐྱོན་བརྗོད་འབད་རུང་ འདི་གིས་ ལཱ་གི་གྲུབ་འབྲས་ཀྱི་ གནས་རིམ་ཡར་སེང་འགྱོ་མི་འདི་ བསལ་ཚུགས་དོ་ཡོདཔ་མ་ཚད་ ཁྱད་པར་ཕྱེ་ཚུགས་དོ་ཡོདཔ་ཨིན་མས། འཕྲོ་མཐུད་གྲོས་བསྟུན་གྱི་ ལམ་ལུགས་འདི་ ལེགས་བཅོས་འབད་ནི་དང་ ཞི་གཡོགཔ་ཚུ་གི་ སེམས་ཤུགས་དང་ འགན་འཁྲི་ཚུ་ འདྲ་མཉམ་བཟོ་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་མས།

 

གྲོས་བསྟུན་གྱི་སྐབས་ལུ་ འཐུས་མི་ཚུ་གིས་ བཙན་ཤེད་ཀྱིས་ གནས་རིམ་བཟོ་མི་དེ་གིས་ གནོད་པ་ཡོདཔ་སྦེ་ ཚ་གྱས་ལང་སྟེ་ཡོདཔ་དང་ དེ་ཡང་ དམིགས་བསལ་གྱིས་ ངེས་པར་དུ་དགོ་པའི་ ལེགས་བཅོས་འབད་དགོ་པའི་ས་ཁོངས་ནང་ ཡང་ན་ རེ་བ་ཆ་ཤས་ཅིག་ གྲུབ་ཚུགས་མིའི་ དབྱེ་ཁག་འདི་ Bell-Curve གི་ འོག་ལུ་ཨིན་མས།

 

འཐུས་མི་ཚུ་གིས་བཤད་མི་ནང་ ལམ་ལུགས་འདི་གིས་ གོ་གནས་ཡར་སེང་གི་ལཱ་ཚུ་ནང་ ཐོ་ཕོག་པའི་ཁར་ དགོངས་ཞུ་འགྱོ་མིའི་ གྱངས་ཁ་ཡང་ ཡར་སེང་འགྱོ་དོ་ཡོདཔ་མ་ཚད་ ཞི་གཡོག་ནང་ལུ་ དཀའ་ངལ་ཚུ་ཡང་ ཐོན་དོ་ཡོདཔ་སྦེ་ཨིན་མས། འཐུས་མི་མང་ཤོས་ཅིག་གིས་ ཞི་གཡོག་ནང་ མི་སྡེའི་བརྩི་མཐོང་ཚུ་ ངོས་འཛིན་འབད་དེ་ རྒྱབ་སྐྱོར་གྱི་ ལཱ་འབད་སའི་ གནས་སྟངས་བཟོ་དགོཔ་ཁག་ཆེ་ཟེར་བཤདཔ་ཨིན་མས། གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་ཁྲི་འཛིན་གྱིས་ ཚོགས་ཁང་གིས་ ཆ་འཇོག་འབད་མི་ གྲོས་དོན་དེ་ སྤྱིར་བཏང་ MAX ལམ་ལུགས་ཆ་མཉམ་མེན་པར་ བཙན་ཤེད་རིམ་ལུགས་འདི་ བཏོན་བཏང་དགོཔ་ཨིནམ་ལས་ དམིགས་བསལ་གྱིས་ ལམ་ལུགས་དེ་གིས་ ཞི་གཡོགཔ་ཚུ་གི་བར་ན་ སེམས་མ་དགའ་བར་ ལུས་ཡོདཔ་སྦེ་ ཞུ་བ་ཚུ་ཕུལ་ཡོདཔ་ཨིན།

 

འཐུས་མི་ལ་ལོ་ཅིག་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་འདི་ རྩ་ཁྲིམས་ཅན་གྱི་འདུས་ཚོགས་ཅིག་ཨིན་ཏེ་འབད་རུང་ འཛིན་སྐྱོང་ལྷན་སྡེ་དང་ བློན་ཆེན་ལུ་ སྙན་ཞུ་ཕུལ་དགོ་པའི་ འགན་འཁྲི་ཕོགཔ་མ་ཚད་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ཚུ་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ རང་དབང་ལུ་རྒྱབ་སྣོན་འབདཝ་ལས་བརྟེན་ དངུལ་འབྲེལ་དང་འཛིན་སྐྱོང་གི་ གནས་སྟངས་ཚུ་ནང་ གཞུང་དང་སྤྱི་ཚོགས་གཉིས་ཆ་ར་གིས་ MaX ལམ་ལུགས་འདི་ བསྒྱུར་བཅོས་འབད་མི་ཚུགས་ཟེར་ཨིན་མས། བློན་ཆེན་གྱིས་ ལོ་ ༣ གྱི་ཧེ་མ་རྐྱངམ་གཅིག་ MaX  གི་ལམ་ལུགས་འདི་ ཡོངས་རྫོགས་སྦེ་ ལག་ལེན་འཐབ་ཡོད་ཟེར་ཨིནམ་ད་ ཤུལ་ལས་ ལེགས་བཅོས་ལེགས་ཤོམ་སྦེ་འབད་བ་ཅིན་ ཞི་གཡོགཔ་ཚུ་ལུ་ ཁེ་ཕན་འབྱུང་ཚུགས་པའི་ འོས་འབབ་ཡོདཔ་སྦེ་ ཞུ་ཡི།

 

གྲོས་བསྟུན་ནང་ ཞི་གཡོགཔ་ཚུ་གི་དོན་ལུ་ ཉོག་བཤད་སེལ་ཐབས་ཀྱི་ ཐབས་ལམ་ནང་ ཁྱད་པར་ཡོད་མི་ཚུ་ཡང་ གསལ་སྟོན་འབད་ཡོདཔ་ད་ འཐུས་མི་ཚུ་གིས་ ལཱ་འབད་སའི་ས་ཁོངས་ནང་ དཀའ་ངལ་སེལ་ཐབས་ལུ་ རང་དབང་ཅན་གྱི་ ཁྲིམས་ཞིབ་ཚོགས་སྡེ་ཅིག་ གཞི་བཙུགས་འབད་དགོཔ་སྦེ་ བསྐུལ་ཁྱབ་བརྡ་སྤྲོད་འབད་ཡོདཔ་མ་ཚད་ གྲོས་འཆར་འདི་ལུ་ ཚོགས་དམངས་ཀྱིས་ རྒྱབ་སྐྱོར་ཕུལ་ཡོདཔ་ཨིན་མས། 

 

དེ་གུ་ གསུང་གྲོས་ དུས་ཡུན་རིངམོ་སྦེ་གནང་པའི་ཤུལ་ལུ་ ཚོགས་ཁང་གིས་ དང་ལེན་གྱི་སྙན་ཞུ་དེ་ལུ་ ངོས་ལེན་ཡོད་མེད་ ཚོགས་དམངས་ཕྱག་ཡར་སེང་ཐོག་ལས་གཟིགསཔ་ད་ ཡོངས་བསྡོམས་འཐུས་མི་ ༤༦ ཡོད་ས་ལས་ འཐུས་མི་ ༡༧ རྐྱངམ་གཅིག་གིས་ ངོས་ལེན་ཕུལ་མི་དེ་གིས་ མང་མོས་ཀྱིས་ རྒྱབ་སྐྱོར་མ་ཐོབ་ལས་བརྟེན་ དང་ལེན་སྙན་ཞུ་འདི་ ཆ་འཇོག་གྲུབ་མ་ཚུགསཔ་ཨིན་མས།

 

འདས་པའི་ཚོགས་ཁང་ནང་ ཆ་འཇོག་གྲུབ་ཡོད་པའི་ གྲོས་དོན་འདི་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ བཅའ་ཁྲིམས་ ༢༠༢༢ ཅན་མའི་ དོན་ཚན་ ༡༠༣ པའི་ནང་ བཀོད་དེ་ཡོད་མི་དང་འཁྲིལ་ ཤུལ་མའི་ཚོགས་ཐེངས་ནང་ཡང་ འཕྲོ་མཐུད་དེ་ཕྱག་ལཱ་མཛད་དགོཔ་ཨིན་མས།

 

གལ་སྲིད་ གྲོས་དོན་གྱི་གྲོས་ཆོད་ཚུ་ ཤུལ་མའི་ཚོགས་ཐེངས་མཇུག་བསྡུ་ཁམས་ཅིག་ཁར་ཡང་ ལག་ལེན་འཐབ་མ་ཚུགས་པ་ཅིན་ སྤྱི་ཚོགས་ཀྱི་གནས་ཡུན་མཇུག་མ་བསྡུ་ཚུན་ཚོད་ གྲོས་དོན་འདི་གི་ གྲོས་ཆོད་ཚུ་ འཕྲོ་མཐུད་དེ་ར་ ཕྱག་ལཱ་མཛད་དགོཔ་ཨིན་མས།



མི་སེར་གྱི་ས་ཆ་ནང་ཚུད་པའི་ གློག་མེ་ཀཝ་དང་ གློག་ཐག་ལས་བརྟེན་ མི་སེར་ལུ་ བྱ་སྟབས་མ་བདེཝ་ཡོད་པའི་གྲོས་ཆོད་ དང་ལེན་གྱི་སྙན་ཞུ།

 

ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་བློན་པོ་གིས་ མི་སེར་གྱི་ས་ཆ་ནང་ཚུད་པའི་ གློག་མེ་ཀཝ་དང་ གློག་ཐག་ལས་བརྟེན་ མི་སེར་ལུ་ བྱ་སྟབས་མ་བདེཝ་བྱུང་མི་གི་སྐོར་ལས་ ཚོགས་ཐེངས་དང་པའི་ནང་ ཆ་འཇོག་གྲུབ་མི་ གྲོས་དོན་གུ་ སྙན་ཞུ་ཕུལ་ཡི། བློན་པོ་གིས་ ཀཝ་འདི་ཚུ་ བཙུགས་ཞིནམ་ལས་ཚུར་  མི་སེར་ཚུ་གིས་ འགྲོ་འགྲུལ་འབད་ནི་དང་ ཁོང་གི་ཉེན་སྲུང་གི་གདོང་ལེན་ཚུ་བྱུང་ཡོདཔ་སྦེ་ཞུ་ཡི།

 

བློན་པོ་གིས་འབད་བ་ཅིན་ དེ་བཟུམ་མའི་ གནད་དོན་ཚུ་བྱུང་མི་དེ་ཡང་ མི་སེར་ཚུ་གིས་ ཁོང་རའི་ཁྱིམ་རྐྱབ་ཚར་བའི་ཤུལ་ལུ་ རྐྱངམ་གཅིག་ལྷན་ཁག་ནང་ སྙན་ཞུ་འབད་བར་འོང་དོ་ཡོདཔ་ཨིནམ་སྦེ་ཞུ་བའི་ཁར་ ས་གོ་ཆུང་ཀུ་ཅིག་ནང་ གློག་མེའི་ཀཝ་བཏོན་ནིའི་ཐད་ཁར་ ཀཝ་ ༣༠༠ དེ་ཅིག་ བཏོན་གཏང་ནིའི་དོན་ལུ་ མ་དངུལ་ས་ཡ་ ༩༠ དེ་ཅིག་ གནས་ནི་མས་ཟེར་ ཞུ་ཡི། ས་གོ་ གོ་དོག་དྲག་དང་ རྒྱ་ཆུང་ཀུ་ཚུ་གི་དོན་ལུ་ ལྷན་ཁག་གིས་ བྱུང་བཞིན་པའི་འཆར་གཞི་ཚུ་དང་འཁྲིལ་ཏེ་ ཉེན་སྲུང་གི་ གློག་ཐག་ཚུ་བཙུགས་ནིའི་ འཆར་གཞི་ཡོདཔ་ཨིན་མས། ད་རུང་ བློན་པོ་གིས་ ཤུལ་མའི་ གནམ་བྱཱར་གྱི་ ཚོགས་ཞུགས་ནང་ སྙན་ཞུ་ཕུལ་བའི་སྐབས་ ས་ཚབ་སྤྲོད་ནི་དང་ སྤོ་བཤུད་འབད་ནི་ དེ་ལས་ རྒུད་འཐུས་ཚུ་གི་སྐོར་ལས་ བསྐྱར་ཞིབ་འབད་ནི་ཨིན་ཟེར་ཞུ་ཡི།

 

གནད་དོན་དེ་གུ་ དུས་ཡུན་རིངམོ་སྦེ་ གྲོས་བསྟུན་འབད་བའི་ཤུལ་ལས་ ཚོགས་ཁང་གིས་ སྙན་ཞུ་དེ་ལུ་ ངོས་ལེན་ཡོད་མེད་ ཕྱག་ཡར་སེང་གི་ཐོག་ལས་གཟིགསཔ་ད་ འཐུས་མི་མང་མོས་ཐོག་ལས་ ངོས་ལེན་ཕུལ་ཡོདཔ་ཨིན། ཨིན་རུང་ ཚོགས་ཁང་གིས་ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་ལུ་ ལྷན་ཁག་གིས་ ཐབས་ཤེས་བཏོན་མི་ཚུ་ འཕྲོ་མཐུད་དེ་ར་ ཕྱག་ལཱ་གནང་དགོཔ་མ་ཚད་ དུས་མཐུན་གྱི་ དང་ལེན་སྙན་ཞུ་ཁ་གསལ་ཅིག་ ཤུལ་མའི་ གནམ་བྱཱར་གྱི་ ཚོགས་ཐེངས་ནང་ ཕུལ་དགོཔ་སྦེ་ བཀའ་རྒྱ་གནང་ཡོདཔ་ཨིན།

comment

vote / poll

How should the government react to Bhutanese leaving to Australa ?

view_results
Encourage them
66%
Discourage them
18%
Stop them from leaving
16%