dark_mode
Tuesday, 14 January 2025

Welcome to the National Assembly of Bhutan

སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ཚེས་ ༥ ལུ་ སྡེ་ཚན་ ཁ་༽ པའི་ལྷན་ཁག་གི་བློན་པོ་ཚུ་ལུ་ དྲི་བཀོད་ཀྱི་ལས་རིམ།

སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ཚེས་ ༥ ལུ་ སྡེ་ཚན་ ཁ་༽ པའི་ལྷན་ཁག་གི་བློན་པོ་ཚུ་ལུ་ དྲི་བཀོད་ཀྱི་ལས་རིམ།

སྡེ་ཚན་ ཁ་༽ པའི་ ལྷན་ཁག་གི་བློན་པོ་ཚུ་གི་དོན་ལུ་ དྲི་བཀོད་ལས་རིམ་སྐོར་ཐེངས་ ༢ པའི་ནང་ ངག་ཐོག་གི་དྲི་བ་ ༦ དང་ ཡིག་ཐོག་གི་དྲི་བ་ ༡ ཚོགས་ཁང་ནང་ཕུལ་ཡོདཔ་ཨིན། ངག་ཐོག་གི་དྲི་བ་ ༣ དང་ ཡིག་ཐོག་གི་དྲི་བ་ ༡ ཤེས་རིག་དང་རིག་རྩལ་གོང་འཕེལ་བློན་པོ་ལུ་ ཕུལ་ཡོདཔ་ད་ ངག་ཐོག་དྲི་བ་ ༣ སོ་ནམ་དང་སྒོ་ནོར་བློན་པོ་ལུ་ ཕུལ་ཡོདཔ་ཨིན་པས། དེ་ལས་ གསོ་བའི་བློན་པོ་ལུ་ དྲི་བ་ ༡ ཡང་མེདཔ་ཨིན་པས། 

བདེ་བ་ཐང་སྒོམ་དར་འདེམས་ཁོངས་འཐུས་མི་གིས་ གཞུང་གིས་ སློབ་གྲྭ་ཚུ་ ཁུངས་ལྡན་བཟོ་ནི་དང་ དཔེ་སྟོན་སློབ་གྲྭ་གཞི་བཙུགས་འབད་ནི་གི་ འཆར་གཞི་ཡོད་མི་ལུ་ ཚ་གྱས་ཡོད་ལུགས་ཞུ་ཡོདཔ་དང་ དེ་ཡང་ མི་སེར་དམངས་གཙོའི་ཚོགས་པ་གིས་ སྤྱི་འོག་ ༡༠༤༤ ནང་ སློབ་གྲྭ་གཞི་བཙུགས་འབད་ནིའི་ ཁས་བླངས་འབད་མི་དང་ འགལ་བ་ཨིནམ་སྦེ་ཞུ་ཡི། འཐུས་མི་གིས་ ཤེས་རིག་དང་རིག་རྩལ་གོང་འཕེལ་བློན་པོ་ལུ་ འཆར་གཞི་དེ་ཚུ་ ག་དེ་སྦེ་ བསལ་ཚུགསཔ་ཨིན་ན་ གསལ་ཏོག་ཏོ་སྦེ་ བཤད་དེ་ དཔེ་སྟོན་སློབ་གྲྭ་དང་ སློབ་གྲྭ་ལྟེ་བ་ དེ་ལས་ སྤྱི་འོག་སློབ་གྲྭ་ཚུ་གི་གནས་ཚད་དང་ སློབ་གྲྭ་ཚུ་ ཁུངས་ལྡན་བཟོ་ནི་གི་ ཚད་གཞི་ཚུ་གི་སྐོར་ལས་ དུས་མཐུན་བཟོ་དགོ་པའི་དྲི་བ་ཕུལ་ཡི།

ཁམས་དྭངས་རམ་འཇར་འདེམས་ཁོངས་ འཐུས་མི་གིས་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་གི་བློན་པོ་ལུ་ མཐའ་ཟུར་གྱི་ སློབ་གྲྭ་ཆུང་བ་ཚུ་ནང་ སློབ་དཔོན་མ་ལང་པའི་ དཀའ་ངལ་བྱུང་མི་ལུ་བརྟེན་ སློབ་དཔོན་ཚུ་གིས་ ལཱ་འགན་ཐེབས་འབག་སྟེ་ སློབ་རིམ་སྣ་ཚོགས་ཀྱི་ སློབ་སྟོན་འབད་བའི་སྐོར་ལས་ དྲི་བ་བཀོད་ཡོདཔ་མ་ཚད་ འཐུས་མི་གིས་ མཐའ་ཟུར་ལས་ཕར་སློབ་དཔོན་མ་ལང་པའི་དཀའ་ངལ་འདི་ཚུ་ བསལ་ཐབས་ཀྱི་དོན་ལུ་ ལྷན་ཁག་གིས་ འཆར་གཞི་ག་ཅི་ཡོདཔ་ཨིན་ན་དང་ ཡང་ན་ སྒེར་གྱི་མ་དངུལ་སྤྲོད་ཐོག་ལས་ མཐོ་རིམ་ཐར་འཁྱོལ་མི་ཚུ་ གཏན་འཇགས་ཀྱི་སློབ་དཔོན་སྦེ་ བཙུགས་དགོ་པའི་སྐོར་ལས་བསམ་འཆར་བཀོད་ཡོདཔ་ཨིན་པས།

འབུམ་སྡེ་གླིང་འཇམ་མཁར་འདེམས་ཁོངས་འཐུས་མི་གིས་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་གི་བློན་པོ་ལུ་ ལྟོ་ཐོབ་སློབ་གྲྭ་ཚུ་ནང་ བཞེས་སྒོ་འབད་མི་ཚུ་ ཉིནམ་རེ་ནང་ དུས་ཡུན་ཆུ་ཚོད་ ༡༦ ཚུན་ ལཱ་འབད་དགོཔ་ལས་ ཚད་ལྡན་གྱི་ དུས་ཡུན་ཆུ་ཚོད་ ༩ ལས་ལྷག་སྟེ་ ལཱ་འབད་མིའི་སྐོར་ལས་ དྲི་བ་ཞུ་ཡོདཔ་མ་ཚད་ འཐུས་མི་གིས་ ཤེས་རིག་དང་རིག་རྩལ་གོང་འཕེལ་གྱི་འོག་ལུ་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་དང་འཁྲིལཝ་ད་ རྒྱབ་སྐྱོར་ལས་བྱེདཔ་ཚུ་ལུ་ སློབ་དཔོན་ཚུ་བཟུམ་སྦེ་ ཁེ་ཕན་ཐོབ་དགོཔ་སྦེ་ གླ་ཆ་སྤྲོད་དགོཔ་དང་ ཁག་འབག་ལས་ དུས་རྒྱུན་གྱི་གནས་རིམ་ལུ་ ཡར་དྲག་གཏང་ནི་གི་ གོ་སྐབས་ཚུ་ འདྲ་མཉམ་སྦེ་ བྱིན་དགོཔ་མ་ཚད་ འཐུས་མི་གིས་ གནད་དོན་འདི་ སེལ་ཐབས་ལུ་ གཞུང་གིས་ ཐབས་ལམ་ག་ཅི་ར་ བཏོན་དོ་ག་དང་ རྒྱབ་སྐྱོར་ལས་བྱེདཔ་དེ་ཚུ་གི་དོན་ལུ་ ལཱ་ཁ་སྐོང་འབད་མི་ལུ་ རྒུད་འཐུས་གནང་ཐབས་གང་ཡོད་ཀྱི་དྲི་བ་ཞུ་ཡི། །

དེ་གི་ལན་ལུ་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་གི་ བློན་པོ་གིས་ ལོ་ལྔའི་འཆར་གཞི་ ༡༣ པའི་ འཆར་གཞི་དང་འཁྲིལཝ་ད་ དམིགས་ཡུལ་ཅིག་ རྫོང་ཁག་ ༢༠ དང་ རྒེད་འོག་ ༢༠༥ དེ་ལས་ སྤྱི་འོག་ ༡༠༤༤ ག་རའི་ནང་ སློབ་གྲྭ་ཚུ་རྐྱབ་སྟེ་ ཤེས་རིག་གི་ སྤུས་ཚད་ཡར་དྲག་གཏང་ནི་ཨིནམ་དང་ ད་རུང་ ཤེས་རིག་ལས་སྡེ་ནང་ མི་སྟོབས་ཚུ་ སྒྲིང་སྒྲི་བཟོ་ནིའི་དོན་ལུ་ དགོས་མཁོའི་ སྦྱོང་བརྡར་དང་ རིག་རྩལ་ དེ་ལས་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཚུ་ བྱིན་ཐོག་ལས་ ལཱ་འབད་དོ་ཟེར་བའི་དྲིས་ལན་ཕུལ་ཡི།

དེ་མ་ཚད་ གཞི་རྟེན་ཐབས་རིག་དང་ འཕྲུལ་རིག་མཁོ་ཆས་ཚུ་ སློབ་གྲྭ་ག་རའི་ནང་ བཙུགས་དོ་ཡོདཔ་ཨིན་པའི་ཁར་ ཁག་འབག་སློབ་དཔོན་དང་ མཐའ་ཟུར་གྱི་ས་གནས་ཚུ་ནང་ སློབ་དཔོན་མ་ལང་པའི་ དཀའ་ངལ་སེལ་ཐབས་ལུ་ ལྷན་ཁག་གིས་ རྫོང་ཁག་ཚུ་ལུ་ དགོས་མཁོ་དང་འཁྲིལ་ ཁག་འབགཔ་སློབ་དཔོན་ཚུ་ བསྐོ་བཞག་འབད་ནི་དང་ སློབ་དཔོན་ཚུ་ བགོ་བཀྲམ་འབད་ནིའི་དབང་ཆ་བྱིན་ཡོདཔ་ཨིན་པའི་དྲིས་ལན་ཕུལ་ཡི།

ད་རུང་ ལྷན་ཁག་གིས་ ཟད་འགྲོ་རང་གིས་བཏང་ཐོག་ལས་ གཙུག་ལག་གཞི་རིམ་གོང་མའི་ ཤེས་ཡོན་མཐར་ཕྱིན་མི་ཚུ་ རྒྱུན་བརྟན་བཟོ་ནི་དང་ STEM གི་སློབ་དཔོན་མ་ལང་པའི་ དཀའ་ངལ་སེལ་ཐབས་ལུ་ ཕྱི་མི་མཁས་མཆོག་ཚུ་ བཙུགས་ནིའི་འཆར་གཞི་ཡོདཔ་ཨིནམ་མ་ཚད་ སློབ་གྲྭ་ཚུ་གི་དོན་ལུ་ ལས་བྱེདཔ་གི་གཞི་བཀོད་འདི་ ལྷན་ཁག་གིས་ བསྐྱར་ཞིབ་འབད་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ ཕུལ་ཏེ་ཡོད་མི་དེ་ ཆ་འཇོག་གྲུབ་པའི་ཤུལ་ལས་ ལྷན་ཁག་གིས་ བསྐྱར་ཞིབ་འབད་མི་ ལས་བྱེདཔ་གཞི་བཀོད་དེ་ ལག་ལེན་འཐབ་ནི་ཨིནམ་ད་ དེ་གིས་ ཐབ་ཚངཔ་ལ་སོགས་པའི་ རྒྱབ་སྐྱོར་ལས་བྱེདཔ་ཚུ་གི་ ལཱ་འགན་མང་ཉུང་གི་གནད་དོན་ཚུ་ བསལ་ཚུགས་ནི་ཨིན་པའི་དྲིས་ལན་ཕུལ་ཡི།

དགེ་ལེགས་ཕུག་འདེམས་ཁོངས་འཐུས་མི་གིས་ སོ་ནམ་དང་སྒོ་ནོར་བློན་པོ་ལུ་ ལྷོ་ཕྱོགས་ཀྱི་ལུང་ཕྱོགས་ནང་ སོ་ནམ་པ་ཚུ་ལུ་ དམིགས་བསལ་གྱིས་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་དང་ ལྷག་པར་དུ་ གླངམོ་ཆེ་ཚུ་ལས་ ཉེན་སྲུང་འབད་ནི་ནང་ གདོང་ལེན་བྱུང་དོ་ཡོད་པའི་སྐོར་ལས་ དྲི་བ་ཕུལ་ཡི། འཐུས་མི་གིས་ཞུ་མི་ནང་ འཕྲལ་ཁམས་ཅིག་ཁར་ གསར་སྤང་ དགེ་ལེགས་ཕུག་ དང་ དར་དཀར་ན་ ལྷ་མོའི་རྫིང་ཁ་ དེ་ལས་ བསམ་རྩེ་ སྲིབ་སུ་ཚུ་ནང་ལས་ཕར་གྱི་ མི་སེར་སོ་ནམ་པ་ཚུ་ལུ་ ལོ་ཐོག་ཚུ་ གི་ གྱོང་རྒུད་ཕོག་མི་རྐྱངམ་གཅིག་མེན་པར་ ཚེ་སྲོག་ཡང་ ཤོར་དོ་ཡོད་པའི་སྐོར་ལས་ཞུ་ཡི། གླངམོ་ཆེ་གི་གྱངས་ཁ་ ཡར་སེང་འགྱོ་མི་འདི་ ལེགས་ཤོམ་ཅིག་སྦེ་ བརྩིཝ་ཨིན་རུང་ སོ་ནམ་པ་ཚུ་ སོ་ནམ་གྱི་ལཱ་འབད་ནི་ལུ་ སེམས་ཤུགས་ཉམས་བཅུགཔ་ལས་ བཟའ་འཐུང་ཉེན་སྲུང་གི་ ལཱ་འབད་ནི་ལུ་ ཐོ་ཕོགཔ་ཨིན་མས་ཟེར་ཞུ་ཡི། འཐུས་མི་གིས་འབད་བ་ཅིན་ ལྷན་ཁག་གི་ཁ་ཐུག་ལས་ ཡང་བསྐྱར་བྱུང་མི་གི་ གནད་དོན་འདི་ བསལ་ཐབས་ལུ་ སྔོན་འགོག་གི་ཐབས་ལམ་དང་ འཆར་གཞི་ དེ་ལས་ ཐབས་བྱུས་ཚུ་གི་སྐོར་ལས་ བརྡ་དོན་སྤེལ་གནང་དགོ་པའི་དྲི་བ་ཕུལ་ཡི།

ཉི་ཤོག་སྲས་ཕུག་འདེམས་ཁོངས་འཐུས་མི་གིས་ སོ་ནམ་དང་སྒོ་ནོར་བློན་པོ་ལུ་ ཁྲིམས་འགལ་ཐོག་ལས་ ལུད་ནང་འདྲེན་འབད་མི་ལུ་བརྟེན་ ཟད་འགྲོ་ངོ་མ་ དངུལ་ཀྲམ་ ༡,༠༠༠ ལས་ མར་བབས་ཡོད་རུང་ ཟད་འགྲོ་དངུལ་ཀྲམ ༣,༠༠༠ ལས་ལྷག་སྟེ་ ཡར་སེང་འགྱོ་བའི་སྐོར་ལས་ དྲི་བ་ཕུལ་ཡི། འཐུས་མི་གིས་ ཧེ་མ་ ལུད་ཚུ་ ཁྲིམས་མཐུན་ཐོག་ལས་ ནང་འདྲེན་འབད་ནི་ནང་ ལྷན་ཐབས་འབད་ཐབས་ལུ་ རྒྱ་གར་དང་གཅིག་ཁར་ ཟུང་ཕྱོགས་ཆིངས་ཡིག་གུ་ ལཱ་འབད་བའི་སྐོར་ལས་ བློན་པོ་གིས་ གསུངས་མི་དེ་ དྲན་འཚོར་འབད་ཡི། འཐུས་མི་གིས་ གྲོས་བསྟུན་དེ་ཚུ་ལས་བརྟེན་པའི་ གྲུབ་འབྲས་ཀྱི་གནས་སྟངས་ཚུ་ དུས་མཐུན་བཟོ་ཡོད་མེད་ཀྱི་དྲི་བ་ཕུལ་ཡི། 

ཝམ་རོང་འདེམས་ཁོངས་འཐུས་མི་གིས་ སོ་ནམ་དང་སྒོ་ནོར་བློན་པོ་ལུ་ གཞུང་གིས་ ཁས་བླངས་ཨང་ ༥.༢.༢༧ ནང་ བཀོད་དེ་ཡོད་མི་དང་འཁྲིལ་ སོ་ནམ་པ་ཚུ་ལུ་ སོན་དང་ལྕང་སོན་ཚུ་ རིན་མེད་སྟོང་པར་སྦེ་བྱིན་ཏེ་ སོ་ནམ་པའི་འོང་འབབ་ཡར་དྲག་གཏང་ནིའི་ ཁས་བླངས་འབད་མི་དེ་གི་ གནས་ཚད་གང་ཡོད་ཀྱི་དྲི་བ་ཞུ་ཡི། འཐུས་མི་གིས་ ཧེ་མ་ གཞུང་གིས་ ཟད་འགྲོ་བརྒྱ་ཆ་ ༨༠ དང་ སོ་ནམ་པ་ཚུ་གིས་ བརྒྱ་ཆ་ ༢༠ དེ་ཅིག་ བཏང་ཡོདཔ་ཨིན་རུང་ འཕྲལ་ཁམས་ཅིག་ཁར་ དངུལ་རྩིས་ལྷན་ཁག་གིས་ ཁྱབ་བསྒྲགས་འབད་མི་ནང་ གཞུང་གིས་ གྲོགས་རམ་བརྒྱ་ཆ་ ༤༠ དང་ སོ་ནམ་པ་ཚུ་གི་དོན་ལུ་ བརྒྱ་ཆ་ ༦༠ ལུ་ བསྒྱུར་བཅོས་འབད་ཡི་ཟེར་ཨིན་པས། འཐུས་མི་གིས་ གཞུང་གིས་ རིན་མེད་སྟོང་པར་སྦེ་ བཀྲམ་སྤེལ་འབད་ནི་གི་ ཁས་བླངས་ངོ་མ་ལུ་ ངོས་ལེན་འབད་དགོཔ་དང་ ཡང་ན་ ཉུང་ཤོས་ར་ ཧེ་མའི་ ཟད་འགྲོ་བགོ་བཤའ་རྐྱབ་ནིའི་ ལམ་ལུགས་ ༨༠/༢༠ ལུ་ ལོག་བཟོ་དགོཔ་ཁག་ཆེ་བའི་ཞུ་བ་ཕུལ་ཡི།

དེ་གི་ལན་ལུ་ སོ་ནམ་དང་སྒོ་ནོར་བློན་པོ་གིས་ རི་དྭགས་སེམས་ཅན་གྱི་ དཀའ་ངལ་གྱི་གནད་དོན་ཚུ་ གཞུང་གིས་ ལེགས་ཤོམ་སྦེ་མཁྱེན་ཏེ་ཡོདཔ་མ་ཚད་ གཞུང་གི་ཁས་བླངས་དང་ ལོ་ལྔའི་འཆར་གཞི་ ༡༣ པའི་ནང་ལུ་ཡང་ ཚུད་དེ་ཡོད་པའི་ཁར་ གནད་དོན་འདི་ཚུ་སེལ་ཐབས་ལུ་ དངུལ་ཀྲམ་ཐེར་འབུམ་ ༥ དེ་ཅིག་ བགོ་བཀྲམ་འབད་ཡོདཔ་ད་ ཀི་ལོ་མི་ཊར་ ༤༠༨ ལྷགཔ་ཅིག་དང་ ཁྱིམ་གུང་པ་ ༤,༨༠༠ ལུ་ ཕན་ཐོགས་འབྱུང་ནི་ཨིན་མི་ ལྕགས་སྐུད་དྲྭ་མིག་ཚུ་ བཀྲམ་ནི་གི་ འཆར་གཞི་ཡང་ འགོ་བཙུགས་ཏེ་ཡོད་ཟེར་ཞུ་ཡི། 

ད་རུང་ བློན་པོ་གིས་ འདས་པའི་ལོ་ཚུ་ནང་ སོ་ནམ་པ་ཚུ་ལུ་ ཚོད་བསྲེ་གི་སོན་ཚུ་ རིན་མེད་སྟོང་པར་སྦེ་ བྱིན་ཡོདཔ་མ་ཚད་ ལམ་ལུགས་འདི་ འཕྲོ་མཐུད་དེ་ར་ ཕྱག་ཞུ་ཡོདཔ་དང་ ཨིན་རུང་ ལྷན་ཁག་གིས་ ཚོད་བསྲེ་དང་ལོ་ཐོག་གི་སོན་ཚུ་ མི་མང་ལུ་ རིན་མེད་སྟོང་པར་སྦེ་ བཀྲམ་སྤེལ་མ་འབད་བའི་ཧེ་མར་ འོས་འབབ་ཡོད་མེད་ཀྱི་ ཞིབ་འཚོལ་ཚུ་ཡང་ ལེགས་ཤོམ་སྦེ་ར་ འབད་དོ་ཡོད་པའི་ དྲིས་ལན་ཕུལ་ཡི། སོ་ནམ་མཁོ་ཆས་ཚུ་གི་ཐད་ཁར་ ལྷན་ཁག་གིས་ ཟད་འགྲོ་བགོ་བཤའ་རྐྱབ་ནིའི་ ཐབས་ལམ་ཅིག་གུ་ ལཱ་འབད་དོ་ཡོདཔ་ཨིན་ཟེར་ཞུ་ཡི།

comment

vote / poll

How should the government react to Bhutanese leaving to Australa ?

view_results
Encourage them
68%
Discourage them
17%
Stop them from leaving
15%