dark_mode
Thursday, 22 May 2025

Welcome to the National Assembly of Bhutan.   The Third Session of the Fourth Parliament will commence on 23rd May, 2025.

ཚོགས་ཆུང་གི་གྲོས་འདེབས།

ཚོགས་ཆུང་གི་གྲོས་འདེབས།


རིག་གཞུང་མཐོ་རིམ་སློབ་གྲྭ་འདི་ སྒྲིང་སྒྲིངབཟོ་དགོ་པའི་གྲོས་འདེབས།


མི་སྡེ་དང་ལམ་སྲོལ་ཚོགས་ཆུང་ཁྲི་འཛིན་ ཁ་སྟོད་ལ་ཡག་འདེམས་ཁོངས་འཐུས་མི་གིས་ ཀྲོང་གསར་སྟག་རྩེ་ལུ་ཡོད་པའི་ རིག་གཞུང་མཐོ་རིམ་སློབ་གྲྭ་དང་འབྲེལ་བའི་ གྲོས་འདེབས་ཕུལ་མི་ནང་ཿ

མ་འོངས་པའི་མི་རབས་ཚུ་ལུ་ རྫོང་ཁའི་སྐད་ཡིག་དང་ འབྲུག་པའི་ལམ་སྲོལ་དང་འབྲེལ་བའི་ ཤེས་ཡོན་སྦྱང་ནི་ལུ་ མཐོ་རིམ་སློབ་གྲྭ་གིས་ ཁག་ཆེ་བའི་འགན་ཁུར་ འབག་མི་ལུ་བལྟ་སྟེ་ སྔོན་འགྲོའི་ཞལ་འཛོམས་ཀྱི་སྐབས་ ཚོགས་ཆུང་ལུ་ བསྐྱར་ཞིབ་འབད་ནིའི་ འགན་ཁུར་གནང་ཡོདཔ་ཨིན་ཟེར་ཞུ་ཡི།
ཚོགས་ཆུང་གིས་ བསྐྱར་ཞིབ་སྙན་ཞུ་ཕུལ་བའི་སྐབས་ ཁྲི་འཛིན་གྱིས་ མཐོ་རིམ་སློབ་གྲྭ་ནང་ སློབ་ཕྲུག་ ༡,༠༠༠ ལྷགཔ་ཅིག་ བཙུགས་ཚུགས་པའི་ འོས་འབབ་དང་ཤོང་ཚད་ཡོད་རུང་ སྤྱི་ལོ་ ༢༠༢༣ ལས་ སློབ་ཕྲུག་གསརཔ་ མ་བཙུགས་པར་ད་ལྟོ་ སློབ་གྲྭ་འདི་ནང་ སློབ་ཕྲུག་ ༢༤༨ རྐྱངམ་གཅིག་ཡོདཔ་སྦེ་ སྙན་ཞུ་ཕུལ་ཡི། ཚོགས་ཆུང་གིས་ ཚ་གྱས་ཅན་གྱི་གནས་སྟངས་འདི་ འཕྲལ་མགྱོགས་ར་ ཐབས་ཤེས་བཏོན་དགོཔ་སྦེ་ གཙོ་བོར་བཏོན་ཡོདཔ་ད་ རྫོང་ཁའི་སྐད་ཡིག་དང་ འབྲུག་པའི་ལམ་སྲོལ་གྱི་ཁག་ཆེ་ཧིང་ ལེགས་ཤོམ་སྦེ་ གསལ་སྟོན་འབད་ཚུགས་པའི་ ལས་རིམ་བསྐྱར་ཞིབ་འབད་དེ་ རིག་གཞུང་མཐོ་རིམ་སློབ་གྲྭ་འདི་ རང་འཇགས་བཞག་དགོ་པའི་ གྲོས་འཆར་བཀོད་ནུག།
ཚོགས་ཆུང་གིས་ གཤམ་གསལ་གྱི་གྲོས་འདེབས་ཚུ་ཕུལ་ཡི།
༡༽ རྫོང་ཁའི་སྐད་ཡིག་དང་ ལམ་སྲོལ་ཤེས་ཡོན་ནང་ དུས་རྒྱུན་གྱི་ གཙུག་ལག་གོང་མའི་ཤེས་ཚད་ (Master) དང་ མཁས་དབང་གི་ཤེས་ཚད་ (Ph.D) ཀྱི་ལས་རིམ་ཚུ་ འགོ་བཙུགས་དགོཔ།
༢༽ རྒྱལ་འཛིན་གཙུག་ལག་སློབ་སྡེ་དང་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་གཉིས་ཀྱི་བར་ན་ མཉམ་འབྲེལ་ཡར་དྲག་གཏང་དགོཔ།
༣༽ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་དང་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་ དེ་ལས་ སེམས་དོན་རིག་པའི་སྤེལ་ཁང་ཚུའི་བར་ན་ རྫོང་ཁའི་སྐད་ཡིག་དང་ ལམ་སྲོལ་ཤེས་ཡོན་དང་འབྲེལ་བའི་ སློབ་ཚན་འདྲ་བཤུས་ཡོད་མི་ཚུ་ སྙོམ་ཏོག་ཏོ་བཟོ་དགོཔ།
དེ་ལུ་ ཤེས་རིག་དང་ རིག་རྩལ་གོང་འཕེལ་བློན་པོ་གིས་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་འདི་ འབྲུག་པའི་ལམ་ལུགས་སྲོལ་བཟངམོ་ཚུ་ལུ་ གཙོ་བོ་བཏོན་མི་ཅིག་འབད་ནི་དེ་གིས་ རྒྱལ་ཁབ་ནང་ གལ་ཆེ་བའི་མཐོ་རིམ་སློབ་གྲྭ་ཅིག་སྦེ་ ངོས་ལེན་ཡོདཔ་སྦེ་ཞུ་ཡི། བློན་པོ་གིས་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་འདི་ནང་ སློབ་ཕྲུག་འཛུལ་ཞུགས་འབད་མི་ ཉུང་སུ་ཅིག་ལས་བརྒལ་མེད་མི་ལུ་བརྟེན་ མཐོ་རིམ་སློབ་གྲྭ་ནང་གི་ གཞི་རྟེན་མཁོ་ཆས་ཚུ་ མཐིལ་ཕྱིན་སྦེ་ ལག་ལེན་འཐབ་མ་ཚུགས་པར་ཡོདཔ་ལས་ མཐོ་རིམ་སློབ་གྲྭ་འདི་ སྒོ་མ་བསྡམ་པར་ དབྱེ་རིམ་མར་ཕབ་འབད་བའི་བསྒང་ཡོདཔ་སྦེ་ དོགས་སེལ་ཕུལ་ཡི།
དེ་འབདཝ་ལས་ ལྷན་ཁག་གིས་ མཐོ་རིམ་སློབ་གྲྭ་འདི་ ལོག་སྟེ་ར་ ལག་ལེན་འཐབ་ནི་དང་ སློབ་སྦྱོང་འབད་མི་ཚུ་ལུ་ ལཱ་གཡོག་གི་གྲ་སྒྲིག་ཚུ་ གཙོ་རིམ་བཟུང་སྟེ་ གོ་སྐབས་ཚུ་ ག་དེ་མང་མང་བཟོ་ནི་ཨིན་པའི་ གྲོས་ཐག་ཆོད་ཡོདཔ་སྦེ་ཞུ་ཡི། བློན་པོ་གིས་ཞུ་མི་ནང་ ལྷན་ཁག་གིས་ ཚོགས་ཆུང་གིས་ ཕུལ་མི་གྲོས་འདེབས་ཚུ་ ཡང་བསྐྱར་ཆ་འཇོག་འབད་དེ་ འབྲེལ་ཡོད་ལས་སྡེ་དང་ ཁེ་གྱོང་ཡོད་མི་ཚུ་དང་མཉམ་ གྲོས་སྟོན་འབད་འོང་ཟེར་འཁོད་ནུག།
དེ་ཁར་ ནང་སྲིད་བློན་པོ་གིས་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་འདི་ སྒོ་མ་བསྡམ་པར་ ཡར་དྲག་བཏང་ནི་གི་དོན་ལུ་ ལོག་སྟེ་ར་ ལག་ལེན་འཐབ་དོ་ཡོདཔ་སྦེ་ཞུ་བའི་ཁར་ རྫོང་ཁའི་ཤེས་ཡོན་ཡར་དྲག་གཏང་ནིའི་དོན་ལུ་ ཚོགས་ཆུང་གིས་ཕུལ་མི་ གྲོས་འདེབས་ཚུ་ བསྐྱར་ཞིབ་འབད་ནིའི་དོན་ལུ་ ལྷན་ཁག་གིས་ ཤེས་རིག་ལྷན་ཁག་དང་ མཉམ་འབྲེལ་འབད་ནི་ཨིནམ་སྦེ་ ངོས་ལེན་ཕུལ་ཡི།
ཚོགས་ཁང་གིས་ གྲོས་འདེབས་ཚུ་ ཕྱག་ཡར་སེང་གིས་ མང་མོས་ཐོག་ལས་ ཆ་འཇོག་གྲུབ་ཡོད་པའི་ གྲོས་འདེབས་ཚུ་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་ལུ་ བསམ་ཞིབ་འབད་ནིའི་དོན་ལུ་ གཏང་ནི་སྦེ་ གྲོས་ཐག་བཅད་གནང་ནུག།

འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་མངའ་འོག་ མཐོ་རིམ་སློབ་གྲྭ་ཚུ་ནང་ སློབ་ཕྲུག་ཚུ་ ནང་ལེན་འབད་ནིའི་གྲོས་འདེབས།

མི་སྡེ་དང་ལམ་སྲོལ་ཚོགས་ཆུང་ཁྲི་འཛིན་ ཁ་སྟོད་ལ་ཡག་འདེམས་ཁོངས་འཐུས་མི་གིས་ ད་རེས་ འབྲུག་རྒྱལ་འཛིན་གཙུག་ལག་ མཐོ་རིམ་སློབ་གྲྭ་ཚུ་ནང་ སློབ་ཕྲུག་ཚུ་ བཙུགས་ནི་གི་ གྲོས་འདེབས་ཚུ་ ཚོགས་ཁང་ནང་ཕུལ་ཡི།
ཚོགས་ཆུང་གི་སྙན་ཞུ་ནང་ མཐོ་རིམ་ཤེས་ཡོན་གྱི་ གོ་སྐབས་ཚད་འཛིན་འབད་བའི་ ཚ་གྱས་ཅན་གྱི་གནས་སྟངས་ཚུ་ གསལ་སྟོན་འབད་ཡོདཔ་ཨིན་པས། ཚོགས་ཆུང་གིས་ ཞིབ་འཇུག་འབད་མི་དང་འཁྲིལཝ་ད་ སློབ་རིམ་ ༡༢ པའི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ མང་ཤོས་ཅིག་ར་ གཞུང་གི་སློབ་གཉེར་གྲོགས་རམ་དང་ ཤེས་ཡོན་ལྷབ་ནིའི་ གོ་སྐབས་མེད་པར་ ལུས་ཡོདཔ་སྦེ་ཨིན་པས། སྤྱི་ལོ་ ༢༠༢༤ ལུ་ ཟད་འགྲོ་རང་སོས་གཏང་སྟེ་ ལྷབ་སྦྱང་འབད་ཡོད་མི་ཚུ་རྩིས་ཏེ་ སློབ་ཕྲུག་བརྒྱ་ཆ་༣༥ རྐྱངམ་གཅིག་གིས་ མཐོ་རིམ་སློབ་གྲྭ་ནང་ འཛུལ་ཞུགས་འབད་ཚུགས་ཏེ་ཡོདཔ་ད་ ལྷག་ལུས་བརྒྱ་ཆ་ ༦༥ དེ་ཅིག་གིས་ མཐོ་རིམ་ཤེས་ཡོན་ ལྷབ་མ་ཚུགས་པར་ལུས་ཡོདཔ་ཨིན་པས།
ཚོགས་ཆུང་གིས་ གོ་སྐབས་ཆད་མི་དེ་གིས་ འབྲུག་གི་ཡུན་རིང་གོང་འཕེལ་ དམིགས་བསལ་གྱིས་ མི་སྟོབས་ལྕོགས་གྲུབ་དང་ དཔལ་འབྱོར་གོང་འཕེལ་ལུ་ ཐོ་སྦོམ་འབད་ར་ ཕོག་ནི་ཨིནམ་སྦེ་ཞུ་ཡི། དེ་འབདཝ་ལས་ ཁོང་གིས་ སློབ་ཕྲུག་འཛུལ་ཞུགས་འབད་མིའི་ཚད་གཞི་ཚུ་ འཕྲལ་མགྱོགས་ར་ བསྐྱར་ཞིབ་འབད་དགོ་པའི་ གྲོས་འདེབས་བཀོད་ཡོདཔ་མ་ཚད་ མཐོ་རིམ་སློབ་གྲྭའི་ཤོང་ཚད་ཡོད་མི་ཚུ་དང་ མཐུན་སྒྲིག་འབད་ནིའི་དོན་ལུ་ ཐོ་བཀོད་ས་ཁོངས་རྒྱ་སྐྱེད་འབད་དགོ་པའི་ ཞུ་བ་ཕུལ་ཡི། དེ་གིས་ སློབ་ཕྲུག་མང་ཤོས་ཅིག་ར་ མཐོ་རིམ་ཤེས་ཡོན་ལྷབ་ཚུགས་ནི་དང་ རྒྱལ་ཁབ་ཀྱི་ མ་འོངས་གོང་འཕེལ་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིནམ་སྦེ་ཞུ་ཡི།
ཚོགས་ཁང་ནང་ གྲོས་བསྟུན་འབད་བའི་སྐབས་ འཐུས་མི་ཚུ་གིས་ ཚོགས་ཆུང་གི་གྲོས་འདེབས་ལུ་ རྒྱབ་སྐྱོར་ཕུལ་ཡོདཔ་ད་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ མཐོ་རིམ་སློབ་གྲྭ་ཚུ་ནང་ སློབ་ཕྲུག་ཚུ་ ཡར་སེང་འབད་མི་འདི་གིས་ རྒྱལ་ཁབ་ནང་འཁོད་ལུ་ ཤེས་ཡོན་འཕྲོ་མཐུད་དེ་ར་ ལྷབ་ཚུགས་ནི་གི་ གོ་སྐབས་གནང་ཚུགསཔ་འདི་ ངེས་ཏིག་ཡོདཔ་སྦེ་ མོས་མཐུན་གྲུབ་ཅི།
དེ་ལུ་ ཤེས་རིག་དང་རིག་རྩལ་གོང་འཕེལ་བློན་པོ་གིས་ ད་རེས་ནངས་པར་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ ལོ་ལྟར་བཞིན་དུ་ སློབ་ཕྲུག་ ༢,༦༠༠ རྐྱངམ་གཅིག་ ཐོ་བཀོད་འབད་ཚུགས་ཏེ་ ཡོད་ཟེར་ཞུ་ཡི། བློན་པོ་གིས་ རྒྱལ་ཁབ་ནང་ མཐོ་རིམ་སློབ་གྲྭ་ ༡༡ ལས་ ༩ གཞུང་གི་བདག་དབང་དང་ ༢ སྒེར་གྱི་བདག་དབང་ཨིནམ་དང་ དེ་ཡང་ ད་ལྟོ་ སློབ་ཕྲུག་བརྒྱ་ཆ་ ༣༥ རྐྱངམ་གཅིག་ ཐོ་བཀོད་འབད་ཡོདཔ་ད་ བརྒྱ་ཆ་ ༢༠ དེ་ཅིག་གིས་ གཞུང་གི་སློབ་གཉེར་གྲོགས་རམ་ཐོབ་ནི་དང་ བརྒྱ་ཆ་ ༡༥ དེ་ཅིག་ རང་སོའི་མ་དངུལ་ཐོག་ལས་ གོ་སྐབས་ལེན་དོ་ཡོདཔ་ཨིནམ་སྦེ་ཞུ་ཡི།
བློན་པོ་གིས་ ཚོགས་ཆུང་གི་ཁ་ཐུག་ལས་ ཚ་གྱས་བཀོད་མི་ལུ་ ངོས་ལེན་འབད་ཡོདཔ་མ་ཚད་ ལག་རྩལ་སྦྱོང་བརྡར་གྱི་ ལས་རིམ་ཚུ་ཡང་ ཐབས་ཤེས་ཅིག་སྦེ་ བྱིན་དོ་ཡོདཔ་མ་ཚད་ སློབ་ཕྲུག་ཉུང་སུ་སྦེ་ལེན་མི་དེ་ཡང་ མཐུན་རྐྱེན་ཉུང་སུའི་ཐོག་ལས་ ཤེས་རིག་གི་སྤུས་ཚད་ བདག་འཛིན་འཐབ་དགོཔ་ལས་བརྟེན་ཏེ་ཨིན་ཟེར་ཞུ་ཡི།
ད་རུང་ ལྷོ་ཐིམ་ཕུག་འདེམས་ཁོངས་ འཐུས་མི་གིས་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་ལུ་ སྤྱི་ལོ་ ༢༠༢༢-༢༠༢༣ གྱི་སློབ་དུས་ནང་ སྒྱུ་རྩལ་གྱི་སློབ་ཕྲུག་ཚུ་ ཤེས་ཡོན་འཕྲོ་མཐུད་ཀྱི་ གོ་སྐབས་མེད་པར་ ལུས་མི་ཚུ་གི་ གནས་སྟངས་བསྐྱར་ཞིབ་འབད་དགོ་པའི་ གྲོས་འཆར་ཁ་སྐོང་བཀོད་ནུག། གྲོས་འདེབས་ནང་ སློབ་ཕྲུག་དེ་ཚུ་ ཤེས་ཡོན་འཕྲོ་མཐུད་དེ་ ལྷབ་བཅུག་ནིའི་དོན་ལུ་ ཐོན་ཁུངས་དང་ འཆར་དངུལ་ཚུ་ འཚོལ་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས། གྲོས་འཆར་འདི་ ཚོགས་ཁང་ནང་ལས་ མང་མོས་ཀྱི་རྒྱབ་ཐོག་ལས་ ཆ་འཇོག་གྲུབ་ཡོདཔ་ཨིན།
ཚོགས་ཁང་གིས་ གཞུང་ལུ་ ཚོགས་ཆུང་གིས་ཕུལ་མི་ གྲོས་འདེབས་ཚུ་ ལྷག་པར་དུ་ བསྐྱར་ཞིབ་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་མ་ཚད་ ཤུལ་མའི་ ཚོགས་ཐེངས་སྐབས་ གྲུབ་འབྲས་ཚུ་གི་སྐོར་ལས་ སྙན་ཞུ་ཕུལ་དགོཔ་སྦེ་ བཀའ་རྒྱ་གནང་ཡི།

འབྲུག་རྒྱལ་ཁབ་འདི་ ཉེན་སྲུང་དང་ལྡན་པའི་ ཅིག་སྦེ་བཟོ་ནི་ལུ་ བྱ་ངན་མར་ཕབ་འབད་ནི་གི་གྲོས་འདེབས།

ཨམ་སྲུ་ ཨ་ལོ་དང་ན་གཞོན་ཚོགས་ཆུང་ཁྲི་འཛིན་ སྐྱེངས་མཁར་ཝེ་རིང་ལ་འདེམས་ཁོངས་འཐུས་མི་གིས་ འབྲུག་རྒྱལ་ཁབ་འདི་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་ནིའི་དོན་ལུ་ བྱ་ངན་བཀག་ཐབས་དང་ མར་ཕབ་ཀྱི་གྲོས་འདེབས་ཚུ་ ཚོགས་ཁང་ནང་ལུ་ གསལ་ཞུ་ཕུལ་ཡི། གྲོས་འདེབས་འདི་ཡང་ ཚོགས་ཆུང་གིས་ བསྐྱར་ཞིབ་མཐིལ་ཕྱིན་འབད་བའི་ཤུལ་ལས་ རྒྱལ་གཞུང་འབྲུག་གི་འགག་སྡེ་དང་ མི་སྡེའི་ནང་ འབྲེལ་མཐུན་བཟོ་ནིའི་ལས་རིམ་ དེ་ལས་ སྨྱོ་རྫས་ལོག་སྤྱོད་དང་ ནང་འཁོད་རྩུབ་སྤྱོད་ དེ་ལས་ ན་གཞོན་ཚུ་ བྱ་ངན་ནང་ འབྲེལ་གཏོགས་འབད་མི་ཚུ་ བཀག་ཐབས་ལུ་ ཐབས་ལམ་ཚུ་ འཕྲལ་མགྱོགས་ར་ ཡར་དྲག་གཏང་དགོཔ་སྦེ་ གསལ་བཀོད་འབད་ཡོདཔ་སྦེ་ཞུ་ཡི།
ཚོགས་ཆུང་གིས་ རྒྱལ་ཁབ་ནང་འཁོད་ལུ་ སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ དེ་ལས་ ནང་འཁོད་རྩུབ་སྤྱོད་དང་ ན་གཞོན་ཚུ་གི་བྱ་ངན་ཚུ་ ཡར་སེང་འགྱོ་དོ་ཡོདཔ་སྦེ་ མཐོང་ཡོདཔ་སྦེ་ཞུ་ཡི། འབྲུག་ལུ་ ཞི་བདེ་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་མིང་གཏམ་ཡོད་རུང་ བྱ་ངན་གྱི་གནས་སྡུད་ཚུ་ མཐོ་དྲགས་སྦེ་ ཡར་སེང་འགྱོ་སྟེ་ཡོདཔ་ད་ དེ་ཡང་ NDPS དང་འབྲེལ་བའི་ བྱ་ངན་དང་ ན་གཞོན་ཚུ་ འཛིན་བཟུང་འབད་མི་ཚུ་ མཐོ་དྲགས་སྦེ་ ཡར་སེང་འགྱོ་སྟེ་ཡོདཔ་ཨིན་པས། ཚོགས་ཆུང་གིས་ གནད་དོན་འདི་ཚུ་ གཞུང་གི་ལས་སྡེ་མ་འདྲཝ་དང་ ཞི་བའི་མི་སྡེ་ལས་ཚོགས་ དེ་ལས་ མི་སྡེ་ཚུ་ འབྲེལ་གཏོགས་འབད་དེ་ མཉམ་འབྲེལ་གྱི་ཐོག་ལས་ ཐབས་ལམ་ཚུ་ བཏོན་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
གྲོས་འདེབས་གཙོ་བོ་ཚུ་ཡང་ རྒྱལ་གཞུང་འབྲུག་གི་འགག་སྡེ་སྒྲིང་སྒྲི་བཟོ་ནི་དང་ རྒྱལ་ཡོངས་ཆང་གི་སྲིད་བྱུས་བཟོ་ནི་ ཆང་གི་ཁྲིམས་ལུགས་ཚུ་ དམ་དམ་སྦེ་ བསྟར་སྤྱོད་འབད་ནི་ འདོད་སྤྱོད་ཀྱི་གནོད་འཚེ་ཕོག་མི་ ཨ་ལུ་ཚུ་ལུ་ ཉེན་སྲུང་དང་རྒྱབ་སྐྱོར་ཡར་དྲག་གཏང་ནི་ དེ་ལས་ ཁྲིམས་དང་འགལ་བའི་ ན་གཞོན་ཚུ་གི་དོན་ལུ་ གློད་གྲོལ་འབད་བའི་ཤུལ་ལས་ བལྟ་རྟོག་ལས་རིམ་ཚུ་ གཞི་བཙུགས་འབད་ནི་ཚུ་ཨིན་པས།
ད་རུང་ ཚོགས་ཆུང་གིས་བྱ་ངན་དང་ སྨྱོ་རྫས་ལོག་སྤྱོད་ དེ་ལས་ ནང་འཁོད་རྩུབ་སྤྱོད་ཚུ་གི་སྐོར་ལས་ མི་མང་ལུ་ གོ་བ་བརྡ་སྤྲོད་ཡར་སེང་འབད་དགོ་པའི་ཁར་ བྱ་ངན་ལུ་ ལྷན་ཐབས་འབད་མི་ མི་སྡེ་དཔལ་འབྱོར་གྱི་རྒྱུ་རྐྱེན་ཚུ་ བསལ་ཐབས་ལུ་ དཔལ་འབྱོར་གྱི་ གོ་སྐབས་ལེགས་ཤོམ་བཟོ་དགོ་པའི་ གྲོས་འཆར་བཀོད་ནུག།
ཚོགས་ཁང་གིས་ མང་མོས་ཐོག་ལས་ ཆ་འཇོག་གྲུབ་ཡོད་པའི་ གྲོས་འདེབས་ཚུ་ འབྲེལ་ཡོད་ ནང་སྲིད་ལྷན་ཁག་གིས་ གྲོས་བསྟུན་གྱི་ཐོག་ལས་ ཕྱག་ལཱ་གནང་སྟེ་ བྱ་ངན་མར་ཕབ་འབད་དགོ་པའི་ ཐབས་ཤེས་བཏོན་དགོཔ་སྦེ་ བཀའ་བསྐུལ་གནང་ཡི།

comment

vote / poll

How should the government react to Bhutanese leaving to Australa ?

view_results
Encourage them
67%
Discourage them
18%
Stop them from leaving
15%