རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱི་ ལས་སྤྱོད་དང་འབྲེལ་བའི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་གུ་ བསྐྱར་ཞིབ་སྙན་ཞུའི་ གྲོས་བསྡུར་འཕྲོ་མཐུད།
ད་རིས་ སྤྱི་ཚོགས་ལྷན་བཞུགས་ནང་ དམངས་རྩིས་ཚོགས་ཆུང་གིས་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ ཕུལ་མི་གུ་ གྲོས་འདེབས་ཚུ་ འཕྲོ་མཐུད་དེ་ གསུང་གྲོས་གནང་ཡི།
སྤྱི་ཚོགས་ལྷན་བཞུགས་ནང་ དམངས་རྩིས་ཚོགས་ཆུང་གིས་ གཤམ་གསལ་གྱི་ གྲོས་འདེབས་ཁག་ ༩ ཕུལ་མི་ཚུ་གུ་ གསུང་གྲོས་གནང་ཞིནམ་ལས་ ཆ་འཇོག་གྲུབ་གནང་ཡི།
༡༽ གཞུང་གིས་ རྒྱལ་ཁབ་ནང་ གཏེར་རྫས་ཚུ་ ཡོངས་རྫོགས་སྦེ་ སབ་ཁྲ་བཟོ་ནི་དང་ འཚོལ་ཞིབ་འབད་ནིཿ གཞུང་གིས་ འབྲུག་ལུ་ འོས་འབབ་ཅན་གྱི་ ས་གཏེར་ག་རའི་དོན་ལུ་ རྒྱལ་ཡོངས་ནང་ ས་གཏེར་གྱི་ སབ་ཁྲ་བཟོ་ནི་དང་ འཚོལ་ཞིབ་འབད་ནི་ དེ་ལས་ ས་ཆའི་ཚན་རིག་གི་ཞིབ་འཇུག་ཚུ་ མགྱོགས་དྲགས་སྦེ་ འབད་དགོཔ་ཨིན་པས། ས་ཁམས་རིག་པ་དང་ ས་གཏེར་ལས་ཁུངས་ནང་ འགན་ཁུར་ཚུ་ ཕན་ནུས་ཅན་སྦེ་ འབད་ཚུགས་ནིའི་དོན་ལུ་ ལྕོགས་གྲུབ་ཅན་གྱི་ འཕྲུལ་རིག་གི་མི་སྟོབས་ཚུ་ ལངམ་སྦེ་ བཙུགས་དགོཔ་ཨིན་པས།
༢༽ གཞུང་གིས་ བདེ་བ་ཐང་དང་ ངང་ལམ་གྱི་ གཞུང་ལམ་སེལ་ནི་ལུ་ གང་མགྱོགས་འབད་ནིཿ གཞུང་གིས་ བདེ་བ་ཐང་དང་ ངང་ལམ་གྱི་ གཞུང་ལམ་སེལ་ནི་ལུ་ གཙོ་རིམ་བཟུང་དགོཔ་ཨིནམ་ད་ དེ་གིས་ རྡོ་དཀར་དང་ རྡོ་སོལ་སྐྱེལ་འདྲེན་གྱི་དུས་ཚོད་དང་ དེ་མ་ཚད་ ཟད་འགྲོ་ཚུ་ ལེ་ཤ་ཅིག་ར་ མར་ཕབ་འབད་ཚུགས་ནི་ཨིནམ་ལས་ ནང་འཁོད་ཀྱི་རྩི་ས་ཚུ་ དོ་འགྲན་ཅན་སྦེ་ བཟོ་ཚུགས་ནི་ཨིན་པས།
༣༽ གཞུང་གིས་ པུ་གྷི་ལི་ལུ་ རེ་ལི་ལམ་གྱི་མཐུད་ལམ་བརྩི་འཇོག་འབད་ནིཿ གཞུང་གིས་ ད་རེས་ སྣུམ་འཁོར་ཊཱག་དང་ རེ་ལི་སྐྱེལ་འདྲེན་ལུ་བརྟེན་ཏེ་སྡོད་མི་ ཌོ་ལོ་མཱའིཊ་ ཕྱིར་ཚོང་གི་དོན་ལུ་ སྐྱེལ་འདྲེན་གྱི་ཟད་འགྲོ་མར་ཕབ་འབད་ཐབས་ལུ་ པུ་གྷི་ལི་ལུ་ རེ་ལི་ལམ་གྱི་ མཐུད་སྦྲེལ་གཞི་བཙུགས་འབད་ནི་ལུ་ བསམ་ཞིབ་འབད་དགོཔ་ཨིན་པས།
༤༽ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་གིས་ འཕྲུལ་རིག་གི་འོས་འབབ་དང་ གསོག་འཇོག་ལངམ་སྦེ་ཡོད་མི་ཚུ་ བལྟ་རྟོག་འབད་ནི་གི་གོ་སྐབས་ཚད་འཛིན་འབད་ནིཿ མཐའ་དཔྱད་ས་གཏེར་དང་ འོས་འབབ་ཞིབ་འཇུག་གིས་ ས་གཏེར་ཐོན་སྐྱེད་དང་ ཚོང་འབྲེལ་གྱི་ ལོ་ལྟར་དམིགས་ཚད་ཚུ་ བཀོད་དེ་ཡོདཔ་ཨིན་པས། འཚོལ་ཞིབ་དང་ ས་གཏེར་གྱི་ལཱ་འདི་ ལཱ་མ་འདྲཝ་ཅིག་ཨིནམ་ལས་ ས་ཁམས་རིག་པ་དང་ ས་གཏེར་ལས་ཁུངས་ལུ་ ཚོང་འབྲེལ་གྱི་ཁྱད་རིག་མེདཔ་ལས་ ས་རིག་དང་ས་གཏེར་ལས་ཁུངས་ཀྱིས་ དཔལ་འབྱོར་དང་ཚོང་འབྲེལ་གྱི་ འོས་འབབ་ཚུ་ དབྱེ་ཞིབ་འབད་ནི་མེན་པར་ ས་གཏེར་གྱི་ས་ཁོངས་ཚུ་གི་ འཕྲུལ་རིག་འོས་འབབ་དང་ ས་གཏེར་གསོག་འཇོག་ཚུ་ བདེན་དཔྱད་འབད་ནི་ལུ་ གཙོ་བོར་བསྟེན་ཚུགས།
༥༽ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་དང་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་གཉིས་ མཉམ་འབྲེལ་ཐོག་ལས་ རླུང་མ་དང་ ཆུ་ དེ་ལས་ ཐལཝ་དང་ བཙོག་རླུང་ དེ་ལས་ བཟོ་བཀོད་དང་ ལོ་ཐོག་ལུ་གནོད་སྐྱོན་བྱུང་མི་ལུ་ འོས་འབབ་ཅན་གྱི་བརྟག་དཔྱད་ཚུ་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ནིཿ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་དང་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་ ས་གནས་གཞུང་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ རླུང་དང་ ཆུ་ དེ་ལས་ ཐལཝ་དང་ བཙོག་རླུང་ ས་གཏེར་གྱི་ལཱ་ཚུ་ལས་བརྟེན་ བཟོ་བཀོད་དང་ ལོ་ཐོག་ལུ་ གནོད་སྐྱོན་བྱུང་མི་ཚུ་ འོས་འབབ་ཅན་གྱི་བརྟག་དཔྱད་འབད་དགོཔ་ཨིན་པས།
༦༽ གཞུང་དང་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་ གནོད་སྐྱོན་བྱུང་མི་ མི་སྡེ་ཚུ་གི་དོན་ལུ་ ས་ཆ་ཉོ་སྒྲུབ་དང་ གཞིས་ཆགས་ཀྱི་ ཐབས་བྱུས་ཡོངས་རྫོགས་ཡོད་པའི་ ཡུན་རིང་གི་ ས་གཏེར་རྒྱ་སྐྱེད་འཆར་གཞི་བཟོ་ནིཿ གཞུང་དང་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་ ཡུན་རིང་གི་ ས་གཏེར་རྒྱ་སྐྱེད་འཆར་གཞི་ཅིག་ བཟོ་དགོཔ་ཨིནམ་དང་ དེ་ནང་ དམིགས་བསལ་གྱིས་ ཡུན་རིང་གི་ ཐོན་ཁུངས་ཚུ་ ཚོད་དཔག་འབད་དེ་ ཡོད་པའི་ས་ཁོངས་ཚུ་དང་ ས་གཏེར་གྱི་ལཱ་ལས་བརྟེན་ གནོད་སྐྱོན་བྱུང་མི་ མི་སྡེ་ཚུ་གི་དོན་ལུ་ ས་ཆ་ཉོ་སྒྲུབ་དང་ གཞིས་ཆགས་ཀྱི་ ཐབས་བྱུས་ཡོངས་རྫོགས་ཚུ་ བཙུགས་དགོཔ་ཨིན་མས།
༧༽ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་ ཚོང་ལམ་མཱངམ་འཚོལ་ཞིབ་འབད་དེ་ ས་གཏེར་ཐོན་སྐྱེད་ཚུ་ སྣ་མང་བཟོ་ནིཿ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་ ཚོང་ལམ་ཞིབ་འཇུག་ ཡོངས་སུ་རྫོགསཔ་སྦེ་འབད་དེ་ ས་གཏེར་ཐོན་སྐྱེད་ཚུ་ སྣ་མང་བཟོ་ནི་དང་ ནང་འཁོད་ཀྱི་ས་མཚམས་ལས་བརྒལ་ཏེ་ ཚོང་ལམ་འཚོལ་ཞིབ་འབད་ནི་ དེ་ལས་ ཁེབ་སང་ཡར་འཕར་གཏང་ནི་ལུ་ ཚོང་འབྲེལ་གྱི་ཐབས་ཤེས་དང་ རིན་ཐང་ཆེ་བའི་ ས་གཏེར་ཚུ་ནང་ མ་རྩ་བཙུགས་ནིའི་དོན་ལུ་ ཞིབ་འཇུག་འབད་དགོཔ་ཨིན་མས།
༨༽ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་ མི་སྟོབས་འཛིན་སྐྱོང་དང་གོང་འཕེལ་གྱི་འཆར་གཞི་བཟོ་ནིཿ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱི་དམིགས་ཡུལ་འདི་ ལྕོགས་གྲུབ་ཅན་གྱི་མི་སྟོབས་ལུ་བརྟེན་རུང་ ལས་གཡོགཔ་ཡར་སེང་འགྱོ་མི་ལས་བརྟེན་ གལ་ཆེ་བའི་ས་ཁོངས་ཚུ་ནང་ མཁས་རྩལ་ཆེ་བའི་མི་སྟོབས་མེདཔ་ཨིན་མས། ལོ་ལྟར་བཞིན་དུ་ སྦྱོང་བརྡར་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་ ༡.༣ ཟད་འགྲོ་བཏངམ་ཨིན་རུང་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་ རིག་རྩལ་སྙོམ་ཏོག་ཏོ་བཟོ་ནི་ལུ་ མི་སྟོབས་འཛིན་སྐྱོང་དང་ གོང་འཕེལ་གྱི་འཆར་གཞི་བཟོ་དགོཔ་ཨིན་མས། འབྲུག་མི་སེར་རྒྱུ་ནོར་གཞིར་བཟུང་ཚད་འཛིན་གྱིས་ དེ་བཞིན་གྱི་གཙོ་རིམ་ཚུ་བཟུང་སྟེ་ མ་རྩ་བཙུགས་དགོཔ་ཨིན་མས།
༩༽ གཞུང་གིས་ འབྲུག་གློག་རིག་ཅ་དམ་འཛིན་སྐྱོང་རིམ་ལུགས་ (BECMS) དང་ འབྲུག་ཚོང་འབྲེལ་དངུལ་རྩིས་རིམ་ལུགས་ (BTFN) དེ་ལས་ འབྲུག་གཅིག་བསྡོམས་འོང་འབབ་འཛིན་སྐྱོང་རིམ་ལུགས་ (BIRMS) ལ་སོགས་པའི་ ཡོངས་འབྲེལ་ཚད་འཛིན་གྱི་ མ་སྒོ་ཚུའི་ འཇོན་ཐངས་ཡར་སེང་འབད་དགོཔཿ ཡོངས་འབྲེལ་གྱི་མ་སྒོ་ཚུའི་ ནུས་ཤུགས་དང་འཇོན་ཐངས་མེད་མི་ལུ་བརྟེན་ ད་རེས་ནངས་པར་ ས་མཚམས་བརྒྱུད་དེ་ ཅ་ཆས་དང་ཞབས་ཏོག་ཚུ་ འགྲུལ་སྐྱོད་འབད་ནི་ལུ་ ཐོ་ཕོག་དོ་ཡོདཔ་ཨིན་པས། འ་ནི་ལམ་ལུགས་ཚུ་ འཕྲལ་འཕྲལ་ར་ གློག་རིག་ཡོངས་འབྲེལ་དང་འབྲེལ་བའི་ དཀའ་ངལ་ཚུ་ལས་བརྟེན་ ཅ་ཆས་ཚུ་ འགྲུལ་སྐྱོད་འབད་ནི་ལུ་ དུས་ཚོད་ཡུན་འགྱངས་ལུས་དོ་ཡོདཔ་ཨིན་པས། དེ་འབདཝ་ལས་ གཞུང་གིས་ ས་མཚམས་བརྒྱུད་དེ་ ཚོང་འབྲེལ་ལེགས་ཤོམ་སྦེ་ འཐབ་ཚུགསཔ་བཟོ་ཐབས་ལུ་ ཡོངས་འབྲེལ་གྱི་ལམ་ལུགས་ཚུ་གི་ འཇོན་ཐངས་རྒྱ་སྐྱེད་གཏང་དགོཔ་ཨིན་མས།
གོང་འཁོད་ཀྱི་ཁ་སྐོང་ལུ་ ཚོགས་དཔོན་འོགམ་གིས་ གཞུང་གིས་ ས་གཏེར་གྱི་གོང་ཚད་དང་ སྤུས་ཚད་ཀྱི་ ཚ་གྱས་སྦོམ་ཡོད་མི་ཚུ་ སེལ་ཐབས་ལུ་ འབྲེལ་ཡོད་ལས་སྡེ་ག་ར་དང་ ནང་འཁོད་བཟོ་གྲྭ་ལས་སྡེ་ཚུ་དང་གཅིག་ཁར་ དེ་འཕྲོས་ལས་ གྲོས་བསྟུན་འགོ་བཙུགས་དགོ་པའི་ གྲོས་འདེབས་ཁ་སྐོང་བཀོད་ཅི། གདོང་ལེན་འདི་ཚུ་གི་སྐབས་ལུ་ འབྲུག་གི་བཟོ་གྲྭ་འཕྲུལ་ཁང་ཚུ་གི་ འཚོ་ཐབས་དང་ དོ་འགྲན་གྱི་ལྕོགས་གྲུབ་ཚུ་ ཉེན་སྲུང་འབད་ནིའི་དོན་ལུ་ འཕྲལ་མགྱོགས་ར་ ཐབས་ཤེས་བཏོན་དགོཔ་སྦེ་ ཞུ་ཡི། གྲོས་འདེབས་ཁ་སྐོང་ཞུ་མི་གུ་ སྤྱི་ཚོགས་ལྷན་བཞུགས་ཀྱིས་ ཕྱག་ཡར་སེང་ཐོག་ལས་ ཆ་འཇོག་གནང་ཡོདཔ་ཨིན།
སྤྱི་ཚོགས་ལྷན་བཞུགས་ཀྱིས་ གྲོས་འདེབས་ ༡༠ ཆ་མཉམ་ར་ བརྒྱན་བསྐྱུར་ཐོག་ལས་ ཚོགས་གྲལ་འཐུས་མི་ ༦༦ གིས་ མང་མོས་ཀྱི་རྒྱབ་སྐྱོར་གནང་སྟེ་ ཆ་འཇོག་གྲུབ་ཡོདཔ་ཨིན།
ཚོགས་དཔོན་གྱིས་ རྩ་ཁྲིམས་ཆེན་མོའི་རྩ་ཚན་ ༢༥(༥) པ་དང་འཁྲིལ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ལོ་ ༢༠༢༣-༢༠༢༤ གི་ ལོ་ལྟར་རྩིས་ཞིབ་སྙན་ཞུ་ཕུལ་མི་དེ་ གསལ་བསྒྲགས་གནང་ཡི། སྙན་ཞུ་དེ་ མི་མང་གི་ཡིག་ཆ་སྦེ་ གསར་བཏོན་འབད་དེ་ གནམ་བྱཱར་གྱི་ ཚོགས་ཐེངས་ནང་ བསྐྱར་ཞིབ་དང་ སྙན་ཞུ་འབད་ནིའི་དོན་ལུ་ དམངས་རྩིས་ཚོགས་ཆུང་ལུ་ གནང་ཡོདཔ་ཨིན།
comment
vote / poll
How should the government react to Bhutanese leaving to Australa ?