འབྲུག་གི་སྤྱི་ཚོགས་འཐུས་མིའི་ཐོབ་ཐངས་ཀྱི་ ༼འཕྲི་སྣོན༽ དཔྱད་ཡིག་ ༢༠༢༤ ཅན་མའི་ལྷག་ཐེངས་གསུམ་པ།
ཁྲིམས་དོན་ཚོགས་ཆུང་ཁྲི་འཛིན་ ཉི་ཤོག་སྲས་ཕུག་འདེམས་ཁོངས་འཐུས་མི་གིས་ ད་རིས་ སྤྱི་ཚོགས་ཀྱི་འཐུས་མིའི་ཐོབ་ཐངས་༼འཕྲི་སྣོན༽ དཔྱད་ཡིག་ ༢༠༢༤ ཅན་མ་འདི་ ཚོགས་ཆུང་གིས་ བསྐྱར་ཞིབ་འབད་ཡོད་པའི་སྙན་ཞུ་འདི་ ལྷག་ཐེངས་ ༣ པའི་དོན་ལུ་ ཚོགས་ཁང་ནང་ཕུལ་ཡི།
ཚོགས་ཁང་གིས་ དཔྱད་ཡིག་གི་དོན་ཚན་རེ་རེ་བཞིན་དུ་ དོན་ཚན་ ༡༣ པ་ཚུན་ གསུང་གྲོས་གནང་ཡོདཔ་ད་ གྲོས་འཆར་ཕུལ་མི་ དོན་ཚན་ལྷག་ལུས་ཚུ་ ནངས་པར་འཕྲོ་མཐུད་དེ་ གསུང་གྲོས་གནང་ནི་ཨིན་པས། འཐུས་མི་ཚུ་གི་ ཁྲལ་ཡངས་སྣུམ་འཁོར་གྱི་སྐོར་ལས་ གྲོས་བསྟུན་འབད་བའི་སྐབས་ འཐུས་མི་གཅིག་ལུ་ ཐེངས་གཅིག་གི་ སྟབས་གཅིག་ལག་སྤྲོད་སྦེ་ གནང་སྦྱིན་སྤྲོད་དགོཔ་དང་ སྣུམ་འཁོར་ཤུགས་ཚད་སི་སི་ ༢༨༠༠ ལས་ ༣༠༠༠ གི་བར་ན་ ཉོ་ནིའི་དོན་ལུ་ ཅ་དམ་ཅ་ཁྲལ་དང་ ཚོང་ཁྲལ་ཚུ་ དགོངས་ཡངས་གཏང་ནི་གི་ གདམ་ཁ་དེ་ལུ་ འཐུས་མི་ཚུ་གིས་ བསམ་འཆར་ཚུ་ བཀོད་ཡོདཔ་ཨིན་པས། དེ་ཡང་ འབྲུག་གི་སྤྱི་ཚོགས་ཀྱི་འཐུས་མིའི་ཐོབ་ཐངས་ ༼འཕྲི་སྣོན༽ བཅའ་ཁྲིམས་ ༢༠༡༤ ཅན་མའི་འོག་ལུ་ ད་ལྟོ་ཡོད་པའི་དོན་ཚན་འདི་ འཕྲི་སྣོན་ག་ནི་ཡང་མ་འབད་བར་ བཞག་དགོཔ་སྦེ་ཨིན་པས། འབྲུག་གི་སྤྱི་ཚོགས་ཀྱི་འཐུས་མིའི་ཐོབ་ཐངས་ ༼འཕྲི་སྣོན༽ བཅའ་ཁྲིམས་ ༢༠༡༤ ཅན་མའི་ ལེའུ་ ༣ པ་ དངུལ་ཕོགས་དང་ ཟུར་འཐུས་ ཁེ་ཕན་ དེ་ལས་ སྐྱེལ་འདྲེན་གྱི་འོག་ལུ་ བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ཚོགས་ཀྱི་འཐུས་མི་རེ་ལུ་ ཀ༽ སྣུམ་འཁོར་ཉོ་ནིའི་དོན་ལུ་ ཐེངས་གཅིག་གི་ སྟབས་གཅིག་ལག་སྤྲོད་སྦེ་ གནང་སྦྱིན་སྤྲོད་དགོ།། ཁ༽ སི་སི་ ༣༠༠༠ ལས་མ་བརྒལ་བའི་ སྣུམ་འཁོར་ཉོ་བའི་སྐབས་ ཅ་དམ་ཅ་ཁྲལ་ ཚོང་ཁྲལ་དགོངས་ཡངས་གཏང་ནི། ག༽ ཟླ་རིམ་དེད་གཡོགཔ་གི་འཐུས་དང་། ང་༽ ཟླ་རིམ་གྱི་སྣུམ་འཐུས་དང་ ཉམས་བཅོས་ཀྱི་འཐུས་ཚུ་གི་སྐོར་ལས་ཨིན་པས།
དོན་ཚན་ ༩ པའི་ འཕྲི་སྣོན་དང་འབྲེལ་བའི་ གྲོས་བསྟུན་མཐིལ་ཕྱིན་འབད་ཡོདཔ་ཨིན་པས། འདི་ཡང་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གི་དངུལ་ཕོགས་དང་ ཟུར་འཐུས་ ཁེ་ཕན་ ཐོབ་ལམ་གཞན་ཚུ་ ཡིག་ཚང་གི་གནས་ཡུན་གཅིག་གི་རིང་ལུ་ ཕབ་ཆག་འབད་ནི་མེད། འཐུས་མི་ལ་ལུ་ཅིག་གིས་ དགོངས་དོན་འདི་གིས་ མ་འོངས་པ་ལུ་ གདོང་ལེན་འབྱུང་འོང་ཟེར་བའི་ ཚ་གྱས་བཤད་ཡོདཔ་ཨིན། རྩ་ཁྲིམས་ཆེན་མོའི་དོན་ཚན་ ༣༠ པ་དང་འཁྲིལ་ དངུལ་ཕོགས་ལྷན་ཚོགས་ཀྱིས་ དངུལ་ཕོགས་ཀྱི་འགྱུར་བ་དང་ གཞུང་ལུ་ དངུལ་ཕོགས་ལྷན་ཚོགས་གཞི་བཙུགས་འབད་ནི་གི་ དབང་ཚད་བྱིནམ་ཨིནམ་དང་། དངུལ་ཕོགས་ལྷན་ཚོགས་ཀྱི་གྲོས་འཆར་ཚུ་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་དང་ དངུལ་འབྲེལ་སྲ་བརྟན་ཚུ་ འདྲ་མཉམ་གྱི་གཞི་རྩ་བདག་འཛིན་འཐབ་ནི་ལུ་ བརྩི་འཇོག་འབད་ནི་ཨིན། མ་འོངས་པའི་ནང་ ཞི་གཡོགཔ་དང་ མི་མང་ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཀྱི་གནས་སྟངས་ མར་ཕབ་འབད་དགོཔ་འཐོན་པ་ཅིན་ ཁྲིམས་ལུགས་ནང་ དམ་དམ་སྦེ་ བཀོད་དེ་ཡོད་མི་འདི་གིས་ གདོང་ལེན་འབྱུང་སྲིད་ནི་ཨིན་མས་ཟེར་ཨིན་མས།
ཁྲིམས་དོན་ཚོགས་ཆུང་གི་འཐུས་མི་ཚུ་གིས་ དོགས་སེལ་ཕུལ་མི་ནང་ གནད་དོན་ཚུ་ ཡོངས་སུ་རྫོགསཔ་སྦེ་ བརྩི་འཇོག་འབད་ཡོདཔ་མ་ཚད་ དགོངས་དོན་ཚུ་ སྤྱིར་བཏང་གི་ གནས་སྟངས་ལུ་དམིགས་ཏེ་ཨིནམ་ལས་ གློ་བུར་གྱི་གནས་སྟངས་ནང་ ཞི་གཡོགཔ་དང་ མི་མང་ལས་བྱེདཔ་ག་ར་གིས་ བརྩི་མཐོང་འབད་དགོ་པའི་ ཐབས་ལམ་ཚུ་བཏོན་དགོཔ་སྦེ་ཨིན་པས། གསོ་བའི་བློན་པོ་རྩིས་ཏེ་ འཐུས་མི་གཞན་ཚུ་གིས་ ཚོགས་ཆུང་གིས་ གྲོས་འཆར་བཀོད་མི་ དོན་ཚན་འདི་གི་ དམིགས་ཡུལ་འདི་ ཕྱོགས་གཅིག་ལས་ དཀའ་ངལ་ཅིག་སྦེ་མཇལ་ཡོདཔ་ད་ ཕྱོགས་གཞན་ཅིག་ལས་ འོས་འབབ་ཡོདཔ་སྦེ་ མཇལ་ཡི་ཟེར་ཨིན་མས། འདི་ཡང་ གཞུང་གིས་ རང་སོའི་སྣུམ་འཁོར་གྱི་ཐོབ་ཁུངས་ཚུ་ ལེན་ཡོདཔ་དང་ དེ་བསྒང་གི་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ལུ་ སྟབས་ཉེན་མ་བྱུང་པར་ ངེས་གཏན་བཟོ་ཡོདཔ་ཨིནམ་དང་ ཤུལ་ལས་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གི་དོན་ལུ་ ཁྲལ་ཡངས་སྣུམ་འཁོར་གྱི་ཐོབ་ཐང་འདི་ མར་ཕབ་འབད་ཡོདཔ་ལས་ ཁྲིམས་ལུགས་ཅིག་ ཆ་འཇོག་འབད་ནི་འདི་ དྲང་བདེན་མེད་པའི་ ཚོར་སྣང་ཚུ་བཤད་ཅི།
ཚོགས་ཆུང་གི་ བདེན་ཁུངས་གཙོ་བོ་ཚུ་ བསྐྱར་ཞུ་འབད་དགོ་མི་འདི་ཡང་ ཁྲིམས་བཟོའི་བྱ་རིམ་ཚུ་ དྲང་སྙོམ་བཟོ་སྟེ་ མ་འོངས་པ་ལུ་ དབང་ཚད་ཅན་གྱི་གཞུང་ག་བཟུམ་བྱོན་ཏེ་འབད་རུང་ ཁེ་ཕན་དང་ཐོབ་ཐང་ཚུ་ དྲང་སྙོམ་མེད་པའི་སྒོ་ལས་ བསྒྱུར་བཅོས་མ་འབད་བར་ འཐུས་མི་ཚུ་གིས་ འགན་འཁྲི་ཚུ་ དོན་སྨིན་ཅན་སྦེ་འབག་སྟེ་ འཐུས་མི་ཚུ་གི་འགན་ཁུར་ནང་ རྩ་བརྟན་དང་ འགན་ཁུར་ཚུ་ ཕན་ནུས་ཅན་སྦེ་ ངེས་གཏན་བཟོ་ཚུགས་ནི་ཨིན་མས། དེ་བཟུམ་སྦེ་ ཚོགས་ཆུང་གི་འཐུས་མི་ཅིག་གིས་ འདས་པའི་སྤྱི་ཚོགས་གསུམ་གྱི་འཐུས་མི་ཚུ་གིས་ མི་སེར་གྱི་ངོ་ཚབ་སྦེ་ འགན་ཁུར་འབག་སྟེ་ བཀོལ་སྤྱོད་ཀྱི་སྣུམ་འཁོར་དང་ ཁྲལ་དགོངས་ཡངས་ཚུ་ཡང་ ལེན་ཡོད་རུང་ སྤྱི་ཚོགས་བཞི་པའི་འཐུས་མི་ཚུ་ལུ་ དེ་ཚུ་གང་ཡང་མེདཔ་ཨིན་མས།
ཚོགས་ཁང་གིས་ དཔྱད་ཡིག་གི་དོན་ཚན་ ༡༣ པ་ཚུན་ རེ་རེ་བཞིན་དུ་ གསུང་གྲོས་གནང་ཡོདཔ་ད་ གྲོས་འཆར་ཕུལ་མི་ དོན་ཚན་ལྷག་ལུས་ཚུ་ ནངས་པར་ འཕྲོ་མཐུད་དེ་ གསུང་གྲོས་གནང་ནི་ཨིན་པས།
comment
vote / poll
How should the government react to Bhutanese leaving to Australa ?