Dark Mode
Tuesday, 19 August 2025

Welcome to the National Assembly of Bhutan's website...

སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༡ པའི་ཚེས་ ༢༦ ལུ་ སྡེ་ཚན་ ག  པའི་བློན་པོ་ཚུ་ལུ་ དྲི་བཀོད་ཀྱི་ལས་རིམ།

སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༡ པའི་ཚེས་ ༢༦ ལུ་ སྡེ་ཚན་ ག པའི་བློན་པོ་ཚུ་ལུ་ དྲི་བཀོད་ཀྱི་ལས་རིམ།

ད་རིས་ཀྱི་ དྲི་བཀོད་ལས་རིམ་ནང་ སྡེ་ཚན་ག་པའི་ བློན་པོ་ཚུ་ལུ་ དྲི་བ་བསྡོམས་ ༧ ཕུལ་ཡོདཔ་ད་ དེ་ཡང་ ངག་ཐོག་གི་ དྲི་བ་ ༦ དང་ ཡིག་ཐོག་གི་དྲི་བ་ ༡ ཨིན་པས། དངུལ་རྩིས་བློན་པོ་ལུ་ དྲི་བ་ ༤ དང་ ནང་སྲིད་བློན་པོ་དང་ ཕྱི་འབྲེལ་བློན་པོ་ལུ་ དྲི་བ་རེ་རེ་ བཀོད་ཡོདཔ་ཨིན་པས། ད་རུང་ ཡིག་ཐོག་གི་ཐོག་ལས་ དྲི་བ་གཅིག་ ནང་སྲིད་བློན་པོ་ལུ་ ཕུལ་ཡོདཔ་ཨིན་པས།


དངུལ་རྩིས་བློན་པོ་ལུ་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་གྱི་ཁེ་ཕན་ དངུལ་ཀྲམ་ ༣༠,༠༠༠ ལས་ དངུལ་ཀྲམ་ ༡༥༠,༠༠༠ ལུ་ ཡར་སེང་འབད་ནི་གི་ ཁས་བླངས་དང་འབྲེལ་བའི་ ཞིབ་འཚོལ་གྱི་ གནས་སྟངས་དང་ རེ་བ་བསྐྱེད་པའི་ དུས་ཚོད་ ཡང་ན་ གྲོས་ཐག་བཅད་ནིའི་སྐོར་ལས་ དུས་མཐུན་བཟོ་དགོཔ་སྦེ་ཞུ་ཡི། དེ་ལས་ ལོ་ལྔའི་འཆར་གཞི་ ༡༣ པའི་དོན་ལུ་ རྒྱ་གར་གཞུང་དང་ གོང་འཕེལ་མཉམ་རོགས་གཞན་ཚུ་ལས་ མ་དངུལ་ཐོབ་མི་གི་གནས་རིམ་ དེ་ལས་ སྣ་མང་ལས་འགུལ་དང་ གོང་འཕེལ་ཆུང་བའི་ལས་འགུལ་ གཞན་མི་གྲོགས་རམ་གྱི་འོག་ལུ་ཐོབ་པའི་ མ་དངུལ་གྱི་གནས་ཚད་དང་ ད་ལྟོ་ཚུན་ཚོད་ ཆ་འཇོག་གྲུབ་མི་ལས་འགུལ་གྱི་གྱངས་ཁ་ཚུ་གི་སྐོར་ལས་ཞུ་བ་ཕུལ་ཡི། དེ་མ་ཚད་ ཧཱ་རྫོང་ཁག་ནང་ སའི་བཅའ་ཁྲིམས་ ༢༠༠༧ ཅན་མའི་ནང་ གསལ་ལྟར་དུ་ ས་ཁ་མཐོ་སའི་ ས་ཁོངས་ཚུ་ནང་ ཁྲལ་ཚད་བརྒྱ་ཆ་ ༩༠ དེ་རེ་ཐོབ་ལམ་མེདཔ་ཨིན་ན་དང་ གཞུང་གིས་ སྐྱིན་འགྲུལ་ལས་ གནས་གོང་ ༼LTV༽ གཏའ་མའི་ཆ་ཚད་དེ་ བརྒྱ་ཆ་ ༩༥ ལུ་ ཡར་སེང་འབད་ནི་སྦེ་ ཁས་བླངས་འབད་མི་ལུ་ དུས་མཐུན་བཟོ་ནིགིས་མ་ཚད་པར་ སྐྱེད་ཀྱི་ཚད་གཞི་མར་ཕབ་འབད་ནི་དང་ བསྒྱུར་བཅོས་འདི་ཚུ་ ལག་ལེན་འཐབ་ནི་གི་དུས་ཚོད་རྩིས་ཏེ་ སྣུམ་འཁོར་ཉོ་ནིའི་དོན་ལུ་ བུ་ལོན་དང་འདྲ་མཉམ་གྱི་ ཆ་ཚད་ཡར་སེང་འབད་ནི་ཚུ་གི་ དྲི་བ་བཀོད་ཡོདཔ་ཨིན་པས།

 

དངུལ་རྩིས་བློན་པོ་གིས་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་གྱི་ དངུལ་ཀྲམ་ ༣༠,༠༠༠ ལས་ ༡༥༠,༠༠༠ ཚུན་གྱི་སྐོར་ལས་ དངུལ་འབྲེལ་ལས་སྡེ་ཚུ་དང་ མཉམ་འབྲེལ་ཐོག་ལས་ གནད་དོན་ཚུ་ དངུལ་འབྲེལ་ཞབས་ཏོག་བཅའ་ཁྲིམས་ནང་ བསྒྱུར་བཅོས་འབད་དེ་ སེལ་དོ་ཡོདཔ་སྦེ་ དོགས་སེལ་འབད་ཡི། གཞུང་གིས་ ཁས་བླངས་འབད་མི་ཚུ་ འགྲུབ་ནིའི་ཁས་བླངས་འབད་དེ་ ལཱ་ཚུ་འགོ་བཙུགས་ཚར་ཏེ་ཡོད་རུང་ འགོ་བཙུགས་ནིའི་ ཚེས་གྲངས་ངེས་ཏིག་ཅིག་ བཀོད་དེ་མེདཔ་ཨིན་པས། གཞུང་གིས་ཁ་ཐུག་ལས་ གྲོགས་རམ་བྱིན་ནི་གི་ འཆར་གཞི་ཡོདཔ་ཨིན་རུང་ མི་སེར་ཚུ་གིས་ དངུལ་ཀྲམ་ ༨༧ སྤྲོད་དགོཔ་ད་ ལྷག་ལུས་ཚུ་ གཞུང་གིས་ སྤྲོད་དགོཔ་ཨིན་པའི་ གོ་བརྡ་སྤེལ་འབད་ཡི།


རྒྱ་གར་གཞུང་ལས་ ལས་འགུལ་ཆེ་བ་དང་ཆུང་བའི་ གྲོགས་རམ་གྱི་ གནས་རིམ་གྱི་སྐོར་ལས་ དངུལ་རྩིས་བློན་པོ་གིས་ གསར་སྒྲུབ་མ་དངུལ་རྒྱབ་སྐྱོར་དེ་ དངུལ་ཀྲམ་ས་ཡ་ ༩༠ མེན་པར་ དངུལ་ཀྲམ་ས་ཡ་ ༤༠ ཨིན་པའི་དོགས་སེལ་འབད་ཡོདཔ་ཨིན། ལོ་ལྔའི་འཆར་གཞི་ ༡༣ པའི་འོག་ལུ་ འཆར་དངུལ་ས་ཡ་ ༡,༧༩༦.༤༦ འདི་ ལས་འགུལ་ཆེ་བ་གི་ནང་ལུ་ ཐོབ་ཡོདཔ་བཞིན་དུ་ ལས་འགུལ་ ༦༡ ཆ་འཇོག་གྲུབ་ཡོདཔ་ད་ དེ་ཡང་ དངུལ་ཀྲམ་ས་ཡ་ ༤༩,༥༧༨.༧༥ ཐོབ་ཡོདཔ་ཨིན་པས། ལས་རིམ་གྱི་གྲོགས་རམ་དོན་ལུ་ དངུལ་ཀྲམ་ས་ཡ་ ༥ བགོ་བཀྲམ་འབད་ཡོདཔ་ད་ ཟླཝ་བཞི་གི་བར་ན་ དངུལ་ཀྲམ་ས་ཡ་ ༢༥༠ བགོ་བཀྲམ་འབད་ནི་ཨིན་པས། ལས་འགུལ་ཆུང་བའི་མ་དངུལ་དེ་ ཡུན་བསྣར་ཡར་སོངཔ་ཨིན་རུང་ ད་ལྟོ་ཚུན་ཚོད་ འཆར་དངུལ་གྱི་བརྒྱ་ཆ་ ༢༠.༥༦ ཐོབ་ཡོདཔ་ཨིན་པས།


ཧཱ་རྫོང་ཁག་ནང་ ས་ཁྲལ་གྱི་ ཕབ་ཆག་དང་འབྲེལ་ དངུལ་རྩིས་བློན་པོ་གིས་ སྤྱི་འོག་ ༣ རྐྱངམ་གཅིག་ འདི་ཡང་ ན་ཁ་དང་ བཀྲིས་སྒང་ དེ་ལས་ ཤ་བ་ཚུ་ནང་ ཕབ་ཆག་གི་ ཁྱད་ཚད་ཚང་མི་དེ་ ཁ་གསལ་འབད་ཡི། ཨིན་རུང་ བློན་པོ་གིས་ འཐུས་མི་གིས་ རྫོང་ཁག་དང་ གྲོས་བསྟུན་འབད་ཐོག་ལས་ བསྐྱར་ཞིབ་ཀྱི་དོན་ལུ་ ལྷན་ཁག་ལུ་ ཞུ་བ་ཕུལ་དགོཔ་ཁག་ཆེ་ཟེར་ བཀོད་ཅི།

ནང་སྲིད་བློན་པོ་ལུ་ རྒྱལ་ཁབ་ནང་ ཆུ་རུད་དང་ ས་རུད་ དེ་ལས་ ནགས་ཚལ་མེ་རྐྱེན་བཟུམ་གྱི་ རང་བཞིན་གྱི་རྐྱེན་ངན་ཚུ་ འབྱུང་སྲིད་ནི་ཨིནམ་ལས་ རྐྱེན་ངན་འཛིན་སྐྱོང་བཅའ་ཁྲིམས་ ༢༠༡༣ ཅན་མ་དང་འཁྲིལཝ་ད་ ས་གཡོམ་གྱི་ གྲ་སྒྲིག་ཚུ་གི་སྐོར་ལས་ དྲི་བ་བཀོད་ཡོདཔ་ཨིན་པས།


འདི་གི་ལན་ལུ་ ནང་སྲིད་བློན་པོ་གིས་ འབྲུག་རྒྱལ་ཁབ་འདི་ རང་བཞིན་གྱི་རྐྱེན་ངན་ཚུ་ལུ་ ཉེན་ཁ་ཡོདཔ་སྦེ་ ངོས་ལེན་འབད་ཡོདཔ་ཨིན་རུང་ ཧེ་མ་ རྐྱེན་ངན་ཚུ་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ མཁྱེན་རྒྱ་ཆེ་བའི་ འགོ་ཁྲིད་འོག་ལུ་ མཉམ་འབྲེལ་ཐོག་ལས་ བརྩོན་ཤུགས་བསྐྱེད་མི་ལུ་ བཀའ་དྲིན་དགའ་ཚོར་ཞུ་ཡི། བློན་པོ་གིས་ བདེ་ཆེན་ཆོས་གླིང་ ཆུ་རུད་ལས་བརྟེན་པའི་ གློ་བུར་གྱིས་རྐྱེན་ངན་ཚུ་ འཛིན་སྐྱོང་འཐབ་ནི་ལུ་ ཕན་ཐོགས་ཅན་གྱི་ ཉམས་མྱོང་ཐོབ་ཡོདཔ་སྦེ་ཞུ་བའི་ཁར་ ལྷན་ཁག་གི་ཧོངས་ལས་འབད་བ་ཅིན་ རྒྱལ་གཞུང་རྐྱེན་ངན་དབང་འཛིན་དང་ རྒྱལ་ཡོངས་གློ་བུར་ལག་ལེན་ལྟེ་བ་ཅིག་ གཞི་བཙུགས་འབད་ཡོདཔ་མ་ཚད་ གློ་བུར་གྱི་ འཆར་གཞི་ཚུ་བཟོ་སྟེ་ཡོད་མི་དེ་ འཕྲལ་མགྱོགས་ར་ ལྷན་རྒྱས་གཞུང་ཚོགས་ནང་ གསལ་ཞུ་འབད་ནི་ཨིན་པའི་གནས་ཚུལ་ཞུ་ཡི།

འབྲུག་མི་ཚུ་ ཕུན་ཚོགས་གླིང་ལས་ ངང་ལམ་དང་ བསམ་གྲུབ་ལྗོངས་མཁར་ཚུན་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ གདོང་ལེན་བྱུང་མི་གི་སྐོར་ལས་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་བློན་པོ་ལུ་ དྲི་བ་བཀོད་ཡོདཔ་ཨིན་པས། དེ་ཡང་ སྣུམ་འཁོར་ལྗིད་ཅན་གྱི་ འཐུས་མཐོ་དྲགས་དང་ དངུལ་འཐུས་ཐེབས་ལེན་མི་ དེ་ལས་ ༼FAS TAG༽ རིམ་ལུགས་ཀྱི་ གནད་དོན་ཚུ་གི་སྐོར་ལས་ཨིན་པས།

ལན་ལུ་ ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་གིས་ ལྷན་ཁག་གི་ འབྲེལ་ཡོད་མི་ངོམ་ཚུ་དང་ འབྲེལ་བ་འཐབ་སྟེ་ རྒྱ་གར་གཞུང་ལུ་ ཕྱི་འབྲེལ་གྱི་ ཐབས་ལམ་ཐོག་ལས་ གསལ་སྟོན་འབད་དེ་ གནད་དོན་དེ་ཚུ་ སེལ་ཐབས་ལུ་ ལཱ་འབད་དོ་ཟེར་ཞུ་ཡི། ཨེཕ་ཨེས་ཊེག་ ༼FAS TAG༽ རིམ་ལུགས་ཀྱི་ཐད་ཁར་ གཞུང་གིས་ རྒྱ་གར་གཞུང་གི་ ༼རྒྱལ་ཡོངས་གཞུང་ལམ་དབང་འཛིན་༽ དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ སྣུམ་འཁོར་ཚུ་ ཨེཕ་ཨེས་ཊེག་ ༼FAS TAG༽ རིམ་ལུགས་ཀྱི་འོག་ལུ་ ཐོ་བཀོད་འབད་ནིའི་དོན་ལུ་ སྣུམ་འཁོར་གྱི་ཐོ་ཡིག་བཙུགས་ཐོག་ལས་ འབད་དགོཔ་སྦེ་ཡོདཔ་ཨིན་ཟེར་ཞུ་ཡི།

Comment

Vote / Poll

How should the government react to Bhutanese leaving to Australa ?

View Results
Encourage them
68%
Discourage them
17%
Stop them from leaving
15%