རྒྱལ་ཡོངས་ཚོགས་འདུ་གིས་ དཔྱད་ཡིག་ཚུ་ལུ་ བསྐྱར་གྲོས་གནང་ཡོདཔ།
འབྲུག་གི་ནོར་ཁྲལ་དགོངས་ཡངས་དཔྱད་ཡིག་
༢༠༢༤ ཅན་མ།
འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་
བྱ་བའི་གནད་སྤྱོད་ ༢༠༡༤ ཅན་མ་དང་འཁྲིལ་ཏེ་ ནོར་ཁྲལ་དགོངས་ཡངས་དཔྱད་ཡིག་དེ་
རྒྱལ་ཡོངས་ཚོགས་འདུ་གིས་ ཆ་འཇོག་གྲུབ་སྟེ་ སྤྱི་ཚེས་ ༢༦/༡༡/༢༠༢༤ ལུ་
རྒྱལ་ཡོངས་ཚོགས་སྡེ་ལུ་ཕུལ་ཡི། རྒྱལ་ཡོངས་ཚོགས་སྡེ་གིས་ སྤྱི་ཚེས་ ༢༩/༡༡/༢༠༢༤ ལུ་
འབྲུག་གི་ནོར་ཁྲལ་དགོངས་ཡངས་དཔྱད་ཡིག་ ༢༠༢༤ ཅན་མ་དེ་གུ་ གསུང་གྲོས་གནང་སྟེ་
ཆ་འཇོག་གྲུབ་པའི་ཤུལ་ལས་ དཔྱད་ཡིག་དེ་གུ་ གྲོས་འདེབས་ཚུ་དང་གཅིག་ཁར་ བསྐྱར་གྲོས་ཀྱི་དོན་ལུ་
རྒྱལ་ཡོངས་ཚོགས་འདུ་ལུ་ ལོག་ཕུལ་ཡོདཔ་ཨིན་པས།
དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གི་འཐུས་མི་ཨིན་པའི་ ར་དྷི་སག་སྟེང་འདེམས་ཁོངས་འཐུས་མི་གིས་
ད་རིས་ ཚོགས་ཁང་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ གྲོས་འདེབས་ཕུལ་མི་ཚུ་གུ་ ཚོགས་ཆུང་གིས་
བསྐྱར་ཞིབ་འབད་ཡོད་པའི་སྙན་ཞུ་ཚུ་ཕུལ་ཡི།
དེ་ལས་ ཚོགས་ཁང་གིས་ རྒྱལ་ཡོངས་ཚོགས་སྡེ་གིས་
གྲོས་འདེབས་ཕུལ་མི་ཚུ་ལུ་ ཚོགས་དམངས་ལས་ ངོས་ལེན་ཡོད་མེད་
ཕྱག་ཡར་སེང་ཐོག་ལས་གཟིགསཔ་ད་ ཚོགས་དམངས་མང་མོས་ཐོག་ལས་ དཔྱད་ཡིག་འདི་ཆ་འཇོག་གྲུབ་གནང་ཡི།
ཆ་འཇོག་གྲུབ་པའི་ དཔྱད་ཡིག་འདི་ ཁྲིམས་བཟོའི་བྱ་སྒོའི་རིམ་པ་དང་འཁྲིལ་ཏེ་
མི་དབང་མངའ་བདག་རིན་པོ་ཆེའི་ཞབས་སར་ བཀའ་འགྲོལ་གྱི་དོན་ལུ་ ཕུལ་ནི་ཨིན་མས།
འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་
༼འཕྲི་སྣོན་༽ དཔྱད་ཡིག་ ༢༠༢༤ ཅན་མ།
ཁྲིམས་དོན་ཚོགས་ཆུང་གི་ཁྲི་འཛིན་
ཉི་ཤོག་སྲས་ཕུག་འདེམས་ཁོངས་འཐུས་མི་གིས་ རྒྱལ་ཡོངས་ཚོགས་སྡེ་གིས་ དཔྱད་ཡིག་འདི་གུ་
འཕྲི་སྣོན་དང་ དགག་ཆ་བཀོད་ཡོད་པའི་དོན་ཚན་ཚུ་གུ་ ཚོགས་ཆུང་གིས་ བསྐྱར་ཞིབ་འབད་ཡོད་པའི་སྙན་ཞུ་ཕུལ་ཡི།
ཚོགས་ཆུང་གིས་ ཡིག་ཆའི་ནང་ བསྒྱུར་བཅོས་ཆུང་ཀུ་ཅིག་ འབད་ཡོདཔ་སྦེ་ བཀོད་ཡོདཔ་དང་
ཁྲིམས་ལུགས་བཟོ་བའི་སྐབས་ལུ་ ཁྲིམས་དོན་ཡིག་ཆ་ཚུ་ བཟོ་བཀོད་འབད་ཐངས་དང་
ཁྲིམས་ལུགས་བཟོ་ཐངས་ཀྱི་ཁྱད་པར་ལུ་བལྟ་སྟེ་ ཁྲིམས་བཟོ་བའི་སྐབས་ལུ་ ལམ་ལུགས་ཅིག་ འོང་ནི་ཨིན་པའི་ངེས་ཤེས་འདྲོང་ཚུགས་ཅི།
ཨིན་རུང་ དོན་ཚན་ ༢༩༩ པ་དང་ ༣༡༠ པ་བཟུམ་གྱི་ དགོངས་དོན་དག་པ་ཅིག་
རྒྱལ་ཡོངས་ཚོགས་སྡེ་གིས་ ཆ་མེད་བཏང་ཡོདཔ་དང་ དེ་ཚུ་ གསརཔ་མེན་པར་
འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ ༼འཕྲི་སྣོན་༽ བཅའ་ཁྲིམས་ ༢༠༡༤ ཅན་མའི་ནང་
འཕྲི་སྣོན་འབད་དེ་ རྫོང་ཁའི་ཚིག་དང་ ཨིང་སྐད་ཀྱི་ཚིག་
མཐུན་སྒྲིག་འབད་དགོཔ་ཨིནམ་ལས་བརྟེན་ ད་རུང་ གྲོས་བསྟུན་འབད་དགོཔ་སྦེ་ ཐོན་ཏེ་ཡོད་ཟེར་ཞུ་ཡི།
གྲོས་བསྟུན་འབད་བའི་ཤུལ་ལས་ ཚོགས་ཁང་གིས་ རྩ་ཁྲིམས་ཆེན་མོའི་རྩ་ཚན་ ༡༣ པའི་དོན་ཚན་ ༨ པའི་ནང་ གྲོས་བསྟུན་ཅན་གྱི་དོན་ཚན་ཚུ་གི་སྐོར་ལས་ ཤུལ་མའི་ཚོགས་ཐེངས་ནང་ ཕར་འགྱངས་འབད་དགོཔ་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན། དེ་ཡང་ གལ་སྲིད་ འགོ་ཐོག་དཔྱད་ཡིག་འབྱུང་སའི་ ཚོགས་ཁང་གིས་ དེ་བཟུམ་མའི་ འཕྲི་སྣོན་དང་ ཡང་ན་ ཚོགས་ཁང་གཞན་གྱིས་ དགག་ཆ་བཀོད་མི་ལུ་ ངོས་ལེན་མ་འབད་བ་ཅིན་ དཔྱད་ཡིག་དེ་ སྤྱི་ཚོགས་ལྷན་བཞུགས་ཐོག་ལས་ ཆ་འཇོག་འགྲུབ་ནིའི་དོན་ལུ་ འབྲུག་མངའ་བདག་རྒྱལ་པོའི་ཞབས་སར་ ལྷན་བཞུགས་ཀྱི་བཀའ་འགྲོལ་ཞུ་ནི་ཨིནམ་དང་ ཚོགས་ཁང་གིས་ དཔྱད་ཡིག་འདི་ མི་དབང་མངའ་བདག་རིན་པོ་ཆེའི་ བཀའ་གྲོལ་ཐོག་ལས་ སྤྱི་ཚོགས་ལྷན་བཞུགས་ནང་ གྲོས་བསྟུན་འབད་དེ་ རྒྱན་སྐྱུར་ཐོག་ལས་ ཆ་འཇོག་འགྲུབ་ནི་ཨིནམ་སྦེ་ གྲོས་ཐག་བཅད་གནང་ཡོད་པའི་གནས་ཚུལ།
འབྲུག་གི་གཉེན་འབྲེལ་
༼འཕྲི་སྣོན་༽ དཔྱད་ཡིག་ ༢༠༢༤ ཅན་མ།
ཁྲིམས་དོན་ཚོགས་ཆུང་གི་ཁྲི་འཛིན་
ཉི་ཤོ་སྲས་ཕུག་འཐུས་མི་གིས་ དཔྱད་ཡིག་འདི་གུ་ རྒྱལ་ཡོངས་ཚོགས་སྡེ་གིས་
འཕྲི་སྣོན་དང་ དགག་ཆ་བཀོད་མི་ཚུ་གུ་ ཚོགས་ཆུང་གིས་ བསྐྱར་ཞིབ་འབད་ཡོད་པའི་སྙན་ཞུ་ཕུལ་ཡི།
འབྲུག་གི་གཉེན་འབྲེལ་ ༼འཕྲི་སྣོན་༽ དཔྱད་ཡིག་ ༢༠༢༤ ཅན་མའི་གུ་
རྒྱལ་ཡོངས་ཚོགས་སྡེ་གིས་ འཕྲི་སྣོན་དང་ དགག་ཆ་བཀོད་ཡོད་མི་ཚུ་གུ་ བསྐྱར་གྲོས་གནང་ཡི།
འཐུས་མི་གིས་ སྙན་ཞུ་འབད་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ ཆ་འཇོག་གྲུབ་མི་
དཔྱད་ཡིག་དེ་ འཇམ་ཏོང་ཏོ་སྦེ་ མང་མོས་ཀྱིས་ རྒྱབ་སྐྱོར་ཐོབ་མ་ཚུགས་པའི་
སྙན་ཞུ་ཕུལ་ཡི། རྒྱལ་ཡོངས་ཚོགས་འདུ་གིས་ དཔྱད་ཡིག་འདི་ནང་ དོན་ཚན་གཅིག་རྐྱངམ་གཅིག་
ཆ་འཇོག་འབད་དེ་ ཕུལ་ཡོད་རུང་ རྒྱལ་ཡོངས་ཚོགས་སྡེ་གིས་ སྤྱི་ལོ་ ༡༩༩༦ ལོའི་ གཉེན་འབྲེལ་བཅའ་ཁྲིམས་ནང་
གཉེན་གྱི་ལོ་ཚད་འདི་ ཕོ་མོ་གཉིས་ཆ་རའི་དོན་ལུ་ ལོ་ཚད་ ༡༨ སྦེ་བཟོ་ཡོད་པའི་
བསམ་འཆར་མ་འདྲཝ་བཀོད་དེ་ཡོདཔ་ལས་ དེ་ལུ་ དགོས་མཁོ་མེདཔ་སྦེ་ ཐོན་ཡོདཔ་ཨིན་པས།
འཐུས་མི་གིས་ ཆེ་མཐོ་ཁྲིམས་འདུན་ལས་ གནང་མི་གི་ བསྐྱར་ཞིབ་བཅའ་ཁྲིམས་རྩིས་ཏེ་
འབྲེལ་ཡོད་ཡིག་ཆ་ཚུ་གིས་ གཉེན་རྐྱབ་ཆོག་པའི་ལོ་ཚད་ལུ་
བསྒྱུར་བཅོས་འབད་མི་བཏུབ་ཟེར་བའི་ སྙན་ཞུ་ཕུལ་ཡི། དེ་འབདཝ་ལས་ དཔྱད་ཡིག་འདི་གུ་
རྩོད་ཉོག་བྱུང་ཡོདཔ་ལས་ ད་རུང་ གྲོས་བསྟུན་འབད་དགོཔ་ཐོན་ཡོདཔ་སྦེ་བཤད་ཅི། ཁྲིམས་དོན་ཚོགས་ཆུང་གིས་
གཉེན་འབྲེལ་གྱི་བཅའ་ཁྲིམས་དེ་ བསྐྱར་ཞིབ་མཐིལ་ཕྱིན་འབད་དགོཔ་སྦེ་ ངོས་ལེན་ཡོད་རུང་
མ་འོངས་པ་ལུ་ ཤུལ་ལས་ ཕྱག་ཕྱིད་ཞུ་ཚུགས་ནི་ ཨིནམ་སྦེ་ཞུ་ཡི།
རྒྱལ་ཡོངས་ཚོགས་སྡེ་གིས་
འཕྲི་སྣོན་མཛད་མི་ དོན་ཚན་ ༢༦ གུ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཁང་ནང་ལས་
མང་མོས་ཀྱི་རྒྱབ་སྐྱོར་མ་ཐོབ་མ་ཚད་ དོན་ཚན་འདི་ཚུ་ སྤྱི་ཚོགས་བཞི་པའི་
རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཞུགས་དང་པའི་ནང་ རྒྱལ་ཡོངས་ཚོགས་འདུ་གིས་
གསུང་གྲོས་མ་གནངམ་ལས་བརྟེན་ ད་རེས་ ཚོགས་ཆུང་གིས་ གྲོས་འཆར་བཀོད་མི་ དོན་ཚན་
གཅིག་རྐྱངམ་ཅིག་གུ་ གྲོས་བསྡུར་འབད་དགོཔ་སྦེ་ ཚོགས་ཁང་གིས་
ཐུགས་ཐག་བཅད་གནང་པའི་རྗེས་སུ་ དཔྱད་ཡིག་འདི་ སྤྱི་ཚོགས་ལྷན་བཞུགས་ཐོག་ལས་
ཆ་འཇོག་འགྲུབ་ནིའི་དོན་ལུ་ ཚོགས་ཁང་གིས་ ཁྲིམས་བཟོའི་བྱ་སྒོའི་ལམ་ལུགས་དང་འཁྲིལ་
མི་དབང་མངའ་བདག་རིན་པོ་ཆེའི་ཞབས་སར་ བཀའ་འགྲོལ་ཞུ་ནིའི་དོན་ལུ་ ཕུལ་ནི་ཨིན་མས།
Comment
Vote / Poll
How should the government react to Bhutanese leaving to Australa ?