སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ཚེས་ ༩ ལུ་ དམངས་རྩིས་ཚོགས་ཆུང་གིས་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱི་ ལས་སྤྱོད་དང་འབྲལ་བའི་ ལས་འབྲེལ་རྩིས་ཞིབ་སྙན་ཞུའི་ བསྐྱར་ཞིབ་སྙན་ཞུ་ ཕུལ་ཡོདཔ།
ད་རིས་ སྤྱི་ཚོགས་ལྷན་བཞུགས་ནང་ལུ་
དམངས་རྩིས་ཚོགས་ཆུང་གི་ཁྲི་འཛིན་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་
ཕུན་ཚོགས་རབ་བརྟན་གྱིས་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱི་ ལས་སྤྱོད་དང་འབྲེལ་བའི་ ལས་འབྲེལ་རྩིས་ཞིབ་སྙན་ཞུའི་
བསྐྱར་ཞིབ་སྙན་ཞུ་གི་སྐོར་ལས་ གསལ་ཞུ་ཕུལ་ཡི།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་
འགོ་འདྲེན་འཐབ་མི་ ལས་འབྲེལ་རྩིས་ཞིབ་དེ་གིས་ སྤྱི་ལོ་ ༢༠༡༥ ལུ་
ས་གཏེར་ལས་སྡེ་གཞི་བཙུགས་འབད་ཞིནམ་ལས་ཚུར་ ས་གཏེར་ལས་སྡེ་ནང་
ཁག་ཆེ་བའི་འགན་ཁུར་འབག་མི་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱི་ བཀོལ་སྤྱོད་ཀྱི་ འཇོན་ཐངས་དང་
ཕན་ནུས་ཚུ་ དབྱེ་ཞིབ་འབདཝ་ཨིན་མས།
སྤྱི་ཚོགས་ལྷན་བཞུགས་སྐབས་
སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ ཚོགས་ཆུང་གིས་ རྒྱབ་ཁུངས་དང་ བལྟ་རྟོག་ ལས་འབྲེལ་
དེ་ལས་ གྲོས་འདེབས་ཚུ་རྩིས་ཏེ་ གནད་དོན་རེ་རེ་བཞིན་དུ་ གྲོས་བསྟུན་མཐིལ་ཕྱིན་སྦེ་གནང་ཡི།
སྙན་ཞུའི་ནང་ ཡར་དྲག་གཏང་དགོ་པའི་ གནད་དོན་གཙོ་བོ་ལེ་ཤ་ཅིག་ གསལ་བཀོད་འབད་ཡོདཔ་ད་
ཐབས་བྱུས་མཐུན་སྒྲིག་དང་ བཀོལ་སྤྱོད་ཀྱི་ འཇོན་ཐངས་ དེ་ལས་
གསོ་བ་དང་ཉེན་སྲུང་གི་གནས་ཚད་ཚུ་ ཡར་དྲག་གཏང་དགོཔ་ཚུ་
གཙོ་བོར་བསྟེན་དགོཔ་སྦེ་ཨིན་པས།
ཚོགས་ཆུང་གིས་
རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱི་ ལཱ་འགན་སྐོར་ལས་ཀྱི་
ལས་དོན་རྩིས་ཞིབ་སྙན་ཞུའི་ཐོག་ལུ་ གྲོས་འདེབས་ཕུལ་མི་ཚུ་ཡང་ གཤམ་གསལ་ལྟར་ཨིན་པས།
༡༽ གཞུང་གིས་ རྒྱལ་ཁབ་ནང་
གཏེར་རྫས་ཚུ་ ཡོངས་རྫོགས་སྦེ་ སབ་ཁྲ་བཟོ་ནི་དང་ འཚོལ་ཞིབ་འབད་ནིཿ གཞུང་གིས་ འབྲུག་ལུ་ འོས་འབབ་ཅན་གྱི་
ས་གཏེར་ག་རའི་དོན་ལུ་ རྒྱལ་ཡོངས་ནང་ ས་གཏེར་གྱི་ སབ་ཁྲ་བཟོ་ནི་དང་
འཚོལ་ཞིབ་འབད་ནི་ དེ་ལས་ ས་ཆའི་ཚན་རིག་གི་ ཞིབ་འཇུག་ཚུ་ མགྱོགས་དྲགས་སྦེ་
འབད་དགོཔ་ཨིན་པས། ས་ཁམས་རིག་པ་དང་ ས་གཏེར་ལས་ཁུངས་ནང་ ལཱ་འགན་འདི་ཚུ་
ཕན་ནུས་ཅན་སྦེ་ འབད་ཚུགས་ནིའི་དོན་ལུ་ ལྕོགས་གྲུབ་ཅན་གྱི་
འཕྲུལ་རིག་གི་མི་སྟོབས་ཚུ་ ལངམ་སྦེ་ བཙུགས་དགོཔ་ཨིན་པས།
༢༽ གཞུང་གིས་
བདེ་བ་ཐང་དང་ ངང་ལམ་གྱི་ གཞུང་ལམ་སེལ་ནི་ལུ་ ཚ་ངེར་བཏོན་འབད་ནིཿ གཞུང་གིས་ བདེ་བ་ཐང་དང་ ངང་ལམ་གྱི་
གཞུང་ལམ་སེལ་ནི་ལུ་ གཙོ་རིམ་བཟུང་དགོཔ་ཨིནམ་ད་ དེ་གིས་ རྡོ་དཀར་དང་
རྡོ་སོལ་སྐྱེལ་འདྲེན་གྱི་དུས་ཚོད་དང་ དེ་མ་ཚད་ ཟད་འགྲོ་ཚུ་ ལེ་ཤ་ཅིག་ར་
མར་ཕབ་འབད་ཚུགས་ནི་ཨིནམ་ལས་ ནང་འཁོད་ཀྱི་ རྩི་ས་ཚུ་ དོ་འགྲན་ཅན་སྦེ་
བཟོ་ཚུགས་ནི་ཨིན་པས།
༣༽ གཞུང་གིས་
པུ་གྷི་ལི་ཡ་ལུ་ རེ་ལི་ལམ་གྱི་མཐུད་ལམ་བརྩི་འཇོག་འབད་ནི་ཨིནམཿ གཞུང་གིས་ ད་རེས་ སྣུམ་འཁོར་ཊཱག་དང་
རེ་ལི་སྐྱེལ་འདྲེན་ལུ་ བརྟེན་སྡོད་མི་ ཌོ་ལོ་མཱའིཊ་ ཕྱིར་ཚོང་གི་དོན་ལུ་
སྐྱེལ་འདྲེན་གྱི་ཟད་འགྲོ་མར་ཕབ་འབད་ཐབས་ལུ་ པུ་གྷི་ལི་ཡ་ལུ་ རེ་ལི་ལམ་གྱི་
མཐུད་ལམ་གཞི་བཙུགས་འབད་ནི་ལུ་ བསམ་ཞིབ་འབད་དགོཔ་ཨིན་པས།
༤༽ ས་རིག་དང་
ས་གཏེར་ལས་ཁུངས་ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་གིས་
འཕྲུལ་རིག་གི་འོས་འབབ་དང་ གསོག་འཇོག་ལངམ་སྦེ་ཡོད་མི་ཚུ་ བལྟ་རྟོག་འབད་ནི་གི་ གོ་སྐབས་ཚད་འཛིན་འབད་ནིཿ
དངུལ་འབྲེལ་འཛིན་སྐྱོང་དང་
དངུལ་འབྲེལ་ཡུན་བརྟན་ལས་ཁུངས་ཀྱིས་ ས་གཏེར་ཐོན་སྐྱེད་དང་ ཚོང་འབྲེལ་གྱི་ ལོ་ལྟར་དམིགས་གཏད་ཚུ་
བཀོད་དེ་ཡོདཔ་ཨིན་པས། འཚོལ་ཞིབ་དང་ ས་གཏེར་གྱི་ལཱ་ཚུ་ ལཱ་མ་འདྲཝ་ཅིག་ཨིནམ་ལས་
ས་ཁམས་རིག་པ་དང་ ས་གཏེར་ལས་ཁུངས་ལུ་ ཚོང་འབྲེལ་གྱི་ ཁྱད་རིག་མེདཔ་ལས་
དཔལ་འབྱོར་དང་ཚོང་འབྲེལ་གྱི་ འོས་འབབ་ཚུ་ དབྱེ་ཞིབ་འབད་ནི་མེན་པར་ ས་གཏེར་གྱི་
ས་ཁོངས་ཚུ་གི་ འཕྲུལ་རིག་འོས་འབབ་དང་ ས་གཏེར་གྱི་ གསོག་འཇོག་ཚུ་
བདེན་དཔྱད་འབད་ནི་ལུ་ གཙོ་བོར་བསྟེན་དགོཔ་སྦེ་ གྲོས་འཆར་བཀོད་ནུག།
༥༽ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་དང་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་གཉིས་
མཉམ་འབྲེལ་ཐོག་ལས་ རླུང་མ་དང་ ཆུ་ ཐལཝ་ བཙོག་རླུང་ དེ་ལས་ བཟོ་བཀོད་དང་ ལོ་ཐོག་ལུ་
གནོད་སྐྱོན་བྱུང་མི་ལུ་ འོས་འབབ་ཅན་གྱི་བརྟག་དཔྱད་ཚུ་ མཉམ་འབྲེལ་ཐོག་ལས་
འགོ་འདྲེན་འཐབ་ནིཿ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་དང་
རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་ ས་གནས་གཞུང་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་
རླུང་དང་ ཆུ་ དེ་ལས་ ཐལཝ་ བཙོག་རླུང་དང་ ས་གཏེར་གྱི་ལཱ་ཚུ་ལས་བརྟེན་ བཟོ་བཀོད་དང་
ལོ་ཐོག་ལུ་ གནོད་སྐྱོན་བྱུང་མི་ཚུ་ འོས་འབབ་ཅན་གྱི་བརྟག་དཔྱད་འབད་དགོཔ་ཨིན་པས།
༦༽ གཞུང་དང་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་ གནོད་སྐྱོན་བྱུང་མི་
མི་སྡེ་ཚུ་གི་དོན་ལུ་ ས་ཆ་ཉོ་སྒྲུབ་དང་ གཞིས་ཆགས་ཀྱི་
ཐབས་བྱུས་ཡོངས་རྫོགས་ཡོད་པའི་ ཡུན་རིང་གི་ ས་གཏེར་རྒྱ་སྐྱེད་འཆར་གཞི་བཟོ་ནིཿ གཞུང་དང་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་
ཡུན་རིང་གི་ ས་གཏེར་རྒྱ་སྐྱེད་འཆར་གཞི་ཅིག་ བཟོ་དགོཔ་ཨིནམ་ད་ དེ་ནང་
དམིགས་བསལ་གྱིས་ ཡུན་རིང་གི་ ཐོན་ཁུངས་ཚུ་ ཚོད་དཔག་འབད་དེ་ཡོད་པའི་ས་ཁོངས་ཚུ་དང་
ས་གཏེར་གྱི་ལཱ་ལས་བརྟེན་ གནོད་སྐྱོན་བྱུང་མི་ མི་སྡེ་ཚུ་གི་དོན་ལུ་ ས་ཆ་ཉོ་སྒྲུབ་དང་
གཞིས་ཆགས་ཀྱི་ ཐབས་བྱུས་ཡོངས་རྫོགས་ཚུ་ བཙུགས་དགོཔ་ཨིན་མས།
༧༽ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་ ཚོང་ལམ་མཱངམ་འཚོལ་ཞིབ་འབད་དེ་ ས་གཏེར་ཐོན་སྐྱེད་ཚུ་
སྣ་མང་བཟོ་ནིཿ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་
ཚོང་ལམ་ཞིབ་འཇུག་ ཡོངས་སུ་རྫོགསཔ་སྦེ་འབད་དེ་ ས་གཏེར་ཐོན་སྐྱེད་ཚུ་
སྣ་མང་བཟོ་ནི་དང་ རང་ལུགས་ཀྱི་ས་མཚམས་ལས་བརྒལ་ཏེ་ ཚོང་ལམ་འཚོལ་ཞིབ་འབད་ནི་ དེ་ལས་
ཁེ་སང་ཡར་འཕར་གཏང་ནི་ལུ་ ཚོང་འབྲེལ་གྱི་ཐབས་ཤེས་དང་ རིན་ཐང་ཆེ་བའི་ ས་གཏེར་ཚུ་ནང་
མ་རྩ་བཙུགས་ནིའི་དོན་ལུ་ ཞིབ་འཇུག་འབད་དགོཔ་ཨིན་མས།
༨༽ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་
མི་སྟོབས་འཛིན་སྐྱོང་དང་གོང་འཕེལ་གྱི་འཆར་གཞི་བཟོ་ནིཿ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱི་
དམིགས་ཡུལ་འདི་ ལྕོགས་གྲུབ་ཅན་གྱི་མི་སྟོབས་ལུ་བརྟེན་རུང་
ལས་གཡོགཔ་ཡར་སེང་འགྱོ་མི་ལས་བརྟེན་ གལ་ཆེ་བའི་ས་ཁོངས་ཚུ་ནང་ རིག་རྩལ་ཅན་གྱི་མི་སྟོབས་མེདཔ་ཨིན་མས།
ལོ་ལྟར་བཞིན་དུ་ སྦྱོང་བརྡར་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་ ༡.༣ ཟད་འགྲོ་བཏངམ་ཨིན་རུང་
རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་ རིག་རྩལ་སྙོམ་ཏོག་ཏོ་བཟོ་ནི་ལུ་
མི་སྟོབས་འཛིན་སྐྱོང་དང་ གོང་འཕེལ་གྱི་འཆར་གཞི་བཟོ་དགོཔ་ཨིན་མས།
འབྲུག་མི་སེར་རྒྱུ་ནོར་གཞིར་བཟུང་ཚད་འཛིན་གྱིས་ དེ་བཞིན་གྱི་ གཙོ་རིམ་ཚུ་བཟུང་སྟེ་
མ་རྩ་བཙུགས་དགོཔ་ཨིན་མས།
༩༽ གཞུང་གིས་
འབྲུག་གློག་རིག་ ཅ་དམ་འཛིན་སྐྱོང་རིམ་ལུགས་ (BECMS) དང་ འབྲུག་ཚོང་འབྲེལ་དངུལ་རྩིས་རིམ་ལུགས་ (BTFN)
དེ་ལས་ འབྲུག་གཅིག་བསྡོམས་ འོང་འབབ་འཛིན་སྐྱོང་རིམ་ལུགས་ (BIRMS)
ལ་སོགས་པའི་ ཡོངས་འབྲེལ་ཚད་འཛིན་གྱི་ མ་སྒོ་ཚུའི་ འཇོན་ཐངས་ཡར་སེང་འབད་དགོཔཿ ཡོངས་འབྲེལ་གྱི་མ་སྒོ་ཚུའི་ ནུས་ཤུགས་དང་ འཇོན་ཐངས་མེད་མི་ལུ་བརྟེན་
ད་རེས་ནངས་པར་ ས་མཚམས་བརྒྱུད་དེ་ ཅ་ཆས་དང་ཞབས་ཏོག་ཚུ་ འགྲུལ་སྐྱོད་འབད་ནི་ལུ་
ཐོ་ཕོག་དོ་ཡོདཔ་ཨིན་པས། འ་ནི་ལམ་ལུགས་ཚུ་ འཕྲལ་འཕྲལ་ར་ གློག་རིག་ཡོངས་འབྲེལ་དང་འབྲེལ་བའི་
དཀའ་ངལ་ཚུ་ལས་བརྟེན་ ཅ་ཆས་ཚུ་ འགྲུལ་སྐྱོད་འབད་ནི་ལུ་ དུས་ཚོད་ཡུན་འགྱངས་ལུས་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་ གཞུང་གིས་ ས་མཚམས་བརྒྱུད་དེ་ ཚོང་འབྲེལ་ལེགས་ཤོམ་སྦེ་ འཐབ་ཚུགསཔ་བཟོ་ཐབས་ལུ་
ཡོངས་འབྲེལ་གྱི་ལམ་ལུགས་ཚུ་གི་ འཇོན་ཐངས་རྒྱ་སྐྱེད་གཏང་དགོཔ་ཨིན་མས།
སྤྱི་ཚོགས་ལྷན་བཞུགས་ནང་
སྙན་ཞུའི་ནང་དོན་དང་ ཚོགས་ཆུང་གི་ གྲོས་འདེབས་ཚུ་གི་སྐོར་ལས་
གྲོས་བསྟུན་ཡུན་རིངམོ་སྦེ་ གནང་ཡོདཔ་ཨིན་པས། ཨིན་རུང་ ཚོགས་ཁང་གིས་ ད་རིས་ ཚོགས་ཆུང་གིས་ཕུལ་མིའི་
གྲོས་འདེབས་དང་པ་དེ་གུ་ རྐྱངམ་གཅིག་ གསུང་གྲོས་གནང་ཚུགས་ཏེ་ ཡོདཔ་ཨིན་མས། གཞུང་གིས་
རྒྱལ་ཁབ་ནང་ ས་གཏེར་ཚུ་ ཡོངས་རྫོགས་སྦེ་ སབ་ཁྲ་བཟོ་ནི་དང་
འཚོལ་ཞིབ་འབད་ནི་གི་སྐོར་ལས་ཨིན་མི་ གྲོས་འདེབས་དང་པ་གུ་ གྲོས་བསྟུན་འབད་བའི་སྐབས་
ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་བློན་པོ་གིས་ གཞུང་གིས་ སབ་ཁྲ་བཟོ་ནི་གི་ལཱ་
བརྒྱ་ཆ་ ༥༩ དང་ ལྷག་ལུས་ ༤༡ འདི་ ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ མཇུག་བསྡུ་བའི་ནང་འཁོད་
མཇུག་བསྡུ་འོང་ཟེར་ སྙན་ཞུ་ཕུལ་ཡི། སྤྱི་ཚོགས་ལྷན་བཞུགས་ཀྱི་ ཚོགས་ཆུང་གིས་
གྲོས་འདེབས་གཞན་མི་ཚུ་གུ་ ནངས་པར་ གསུང་གྲོས་འཕྲོ་མཐུད་དེ་གནང་ནི་ཨིན་པའི་གནས་ཚུལ།
Comment
Vote / Poll
How should the government react to Bhutanese leaving to Australa ?