Dark Mode
Tuesday, 19 August 2025

Welcome to the National Assembly of Bhutan's website...

སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༡ པའི་ཚེས་ ༡༩ ལུ་ སྡེ་ཚན་ཁ་པའི་ལྷན་ཁག་ཚུ་ལུ་ དྲི་བཀོད་ཀྱི་ལས་རིམ།

སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༡ པའི་ཚེས་ ༡༩ ལུ་ སྡེ་ཚན་ཁ་པའི་ལྷན་ཁག་ཚུ་ལུ་ དྲི་བཀོད་ཀྱི་ལས་རིམ།

ད་རིས་ སྡེ་ཚན་ཁ་པའི་ བློན་པོ་ཚུ་ལུ་ དྲི་བཀོད་ལས་རིམ་སྐབས་ དྲི་བ་བསྡོམས་ ༥ ཡོདཔ་ད་ དེ་ཡང་ སོ་ནམ་དང་སྒོ་ནོར་བློན་པོ་ལུ་ དྲི་བ་ ༣ དང་ གསོ་བའི་བློན་པོ་ལུ་ དྲི་བ་ ༢ བཀོད་ནུག།

རྩི་རང་ལུ་ སོ་ནམ་གྱི་ཅ་ཆས་ཚུ་ དངུལ་ཕབ་ཆག་གི་གྲོགས་རམ་འབད་དགོཔ་དང་ བསིལ་མཛོད་ཁང་མེད་མི་ དེ་ལས་ ལ་གོང་གསུམ་གྱི་མི་སེར་འཚོ་བ་ གཡག་ལུ་བརྟེན་སྡོད་མི་ཚུ་ལུ་ རྒྱབ་སྐྱོར་འབད་ནི་དང་ སྒེར་གྱི་སྨན་བཅོས་ཞབས་ཏོག་ལུ་ མཁོ་འདོད་བཀོད་མི་ཡར་སེང་འགྱོ་མི་ དེ་ལས་ ངང་ལམ་སྨན་ཁང་བཟོ་སྐྲུན་གྱི་ དུས་ཚོད་ཡུན་འགྱངས་ཀྱི་ གནད་དོན་ཚུ་གི་སྐོར་ལས་ དྲི་བ་བཀོད་ནུག།


༡. སོ་ནམ་གྱི་ཅ་ཆས་ཚུ་ དངུལ་ཕབ་ཆག་གི་གྲོགས་རམ་དགོ་པའི་སྐོར།

ལམ་གོང་ཝང་ཅང་འཐུས་མི་གིས་ སྤ་རོ་ལུ་ འབྱ་བརྔ་ནིའི་ འཕྲུལ་ཆས་རྙིངམ་དང་ འཕྲལ་འཕྲལ་ར་ མེདཔ་ཐལ་མི་ལུ་བརྟེན་ འབྱ་བསྡུ་ནི་ཕྱི་སོངཔ་སྦེ་ཞུ་བ་ཕུལ་ཡི། ཁོ་གིས་ རྒྱ་པཱན་ལས་ འཕྲུལ་ཆས་གསརཔ་ཚུ་ ལྷོད་ནི་དེ་ དུས་ཚོད་ཕྱི་མི་ལུ་ གཞིར་བཞག་སྟེ་ སོ་ནམ་པ་ཚུ་ལུ་ དངུལ་ཕབ་ཆག་ཐོག་ལས་ འཕྲུལ་ཆས་མཁོ་སྒྲུབ་འབད་ནི་ལུ་ གྲོགས་རམ་འབད་དགོ་པའི་ ཞུ་བ་ཕུལ་ཡི།

དེ་གི་ལན་ལུ་ སོ་ནམ་དང་སྒོ་ནོར་བློན་པོ་གིས་ ལཱ་འབད་མ་བཏུབ་པའི་ བསྡུ་བསྒྱོམ་འཕྲུལ་ཆས་ཚུ་ ཚད་འཛིན་འབད་དེ་ཡོད་མི་ཚུ་དང་ གདོང་ལེན་ དེ་ལས་ འདི་ཚུ་ མཁོ་སྒྲུབ་དང་ཉམས་བཅོས་འབད་ནི་ལུ་ ཟད་འགྲོ་སྦོམ་འབད་ར་བཏང་དགོཔ་ཐོན་མི་ལུ་ ངོས་ལེན་འབད་ཡི། སོ་ནམ་པ་ཚུ་གིས་ ཟད་འགྲོ་བརྒྱ་ཆ་ ༥༠ དེ་ཅིག་ བཏང་ཚུགས་པ་ཅིན་ གཞུང་གིས་ ཅ་ཆས་ཚུ་ལུ་གྲོགས་རམ་འབད་ནི་གི་ དང་འདོད་ཡོདཔ་མ་ཚད་ སོ་ནམ་གྱི་ལཱ་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ རྒྱ་པཱན་གཞུང་དང་གཅིག་ཁར་ མཉམ་འབྲེལ་འཕྲོ་འཐུད་མཛད་ནི་ཨིན་པའི་ ཁས་བླངས་འབད་ཡི།

འཕྲུལ་སྒྱུར་དང་ ལུང་ཕྱོགས་གོང་འཕེལ་གྱི་སྐོར་ལས་ བློན་པོ་གིས་ དཔལ་འབྱོར་ལྷན་ཐབས་མ་དངུལ་གྱི་ འཆར་གཞིའི་འོག་ལུ་ འཕྲུལ་ཆས་ཐོག་ལས་ ལས་མི་མ་ལང་པའི་དཀའ་ངལ་དང་ རི་དྭགས་སེམས་ཅན་གྱི་དཀའ་ངལ་ཚུ་ བསལ་ནི་ལུ་ ལྷན་ཁག་གིས་ དམིགས་གཏད་བསྐྱེད་དོ་ཡོདཔ་སྦེ་ཞུ་ཡི། སོ་ནམ་པ་ཚུ་གིས་ཡང་ འཕྲུལ་ཆས་ཉོ་ནིའི་དོན་ལུ་ སྐྱེད་མར་ཕབ་ཀྱི་ སྐྱིན་འགྲུལ་ལེན་ཚུགསཔ་ཟེར་ཨིན་པས། ད་རུང་ བློན་པོ་གིས་ ལུང་ཕྱོགས་གོང་འཕེལ་གྱི་འཆར་གཞི་ཚུ་ནང་ ས་ཆའི་གནས་སྟངས་དང་ ས་ཆའི་རྒྱ་ཁྱོན་ལ་སོགས་པའི་ གནད་དོན་ཚུ་ བརྩི་འཇོག་འབད་དེ་ ས་ཆ་འཛིན་སྐྱོང་གི་ལས་རིམ་ཚུ་གི་ཐོག་ལས་ གཞུང་གིས་ རྒྱབ་སྐྱོར་འཕྲོ་མཐུད་དེ་ར་ འབད་དགོ་པའི་ ཞུ་བ་ཚུ་ཡང་ཕུལ་ཡི།



༢. རྩི་རང་ལུ་ སོ་ནམ་དང་སྒོ་ནོར་གྱི་ཐོན་སྐྱེད་སྐོར།


གསེར་གྱི་ཐང་རྩི་རང་སྟོད་ཀྱི་འཐུས་མི་གིས་ རྩི་རང་ལུ་ སོ་ནམ་དང་སྒོ་ནོར་གྱི་ ཐོན་སྐྱེད་ཡར་སེང་འབད་ནི་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ བསིལ་མཛོད་ཁང་དང་ མཛོད་ཁང་ཚུ་མེད་མི་ལུ་བརྟེན་ ཚ་གྱས་ཡོདཔ་སྦེ་ བཤད་ཅི།

དེ་ལུ་ སོ་ནམ་དང་སྒོ་ནོར་བློན་པོ་གིས་ སོ་ནམ་པ་ཚུ་ལུ་ ཐོན་སྐྱེད་ཀྱི་གོང་ཚད་དྲང་བདེན་ཐོབ་ནི་ལུ་ དཀའ་ངལ་དང་གདོང་ལེན་བྱུང་མི་ལུ་ ངོས་ལེན་འབད་ཡི། གཞུང་གིས་ ཐོན་སྐྱེད་ཀྱི་དམིགས་ཚད་ དངུལ་ཀྲམ་ས་ཡ་ ༥ དེ་ཅིག་ དམིགས་གཏད་བསྐྱེད་དེ་ བཟའ་འཐུང་ཉེན་སྲུང་གི་ སྲིད་བྱུས་ཅིག་སྦེ་ བསིལ་མཛོད་ཁང་དང་ མཛོད་ཁང་ཚུ་ བཟོ་སྐྲུན་འབད་དེ་ དཀའ་ངལ་ཚུ་ སེལ་ཚུགས་ཟེར་ ཞུ་བའི་ཁར་ བློན་པོ་གིས་ མི་མང་ལུ་ ལུང་ཕྱོགས་མ་འདྲཝ་ཚུ་ནང་ ཟད་འགྲོ་སྦོམ་གནས་ཏེ་ གོང་འཕེལ་གཏང་ཡོད་མི་ མཐུན་རྐྱེན་ཚུ་ ཕན་ནུས་ཅན་སྦེ་ ལག་ལེན་འཐབ་དགོཔ་སྦེ་ སེམས་ཤུགས་ཀྱི་ཞུ་སྐུལ་ཕུལ་ཡི།

༣. འཚོ་བ་གཡག་ལུ་བརྟེན་སྡོད་ མི་སེར་ལུ་རྒྱབ་སྐྱོར།

སྦྱེལ་སྐར་ཚོ་དབུས་སུ་འཐུས་མི་གིས་ གཡག་གསོ་སྐྱོང་འཐབ་ནི་ལུ་ རྒྱབ་སྐྱོར་འབད་དགོ་པའི་སྐོར་ལས་ དྲི་བ་ཞུ་ཡི།

དེ་ལུ་ སོ་ནམ་དང་སྒོ་ནོར་ལྷན་ཁག་གི་བློན་པོ་གིས་ འབྲུག་གི་ལམ་སྲོལ་ཉམས་སྲུང་འབད་ནི་ལུ་ ལ་གོང་གསུམ་གྱི་མི་སེར་ཚུ་ ཁག་ཆེཝ་སྦེ་ བཤད་ཡོདཔ་ཨིན་རུང་ ནད་གཞི་དང་ གནམ་གཤིས་འགྱུར་བགྲོད་ དེ་ལས་ རྩྭ་འབྲོག་མར་ཕབ་འགྱོ་མི་ལུ་བརྟེན་ གཡག་གི་གྱངས་ཁ་ མར་ཕབ་འགྱོ་དོ་ཡོདཔ་སྦེ་ཞུ་ཡི། གནད་དོན་འདི་ཚུ་ སེལ་ཐབས་ལུ་ བློན་པོ་གིས་ ལྷན་ཁག་གིས་ ཕ་སོན་ཁབ་ཀྱི་ཞབས་ཏོག་ཚུ་གི་དོན་ལུ་ དངུལ་ཀྲམ་ས་ཡ་ ༢༠ དང་ རྩྭ་འབྲོག་སྲུང་སྐྱོབ་ཀྱི་དོན་ལུ་ དངུལ་ཀྲམ་ས་ཡ་ ༣༠ བགོ་བཀྲམ་འབད་ཡི་ཟེར་ བརྡ་དོན་ཕུལ་ཡོདཔ་མ་ཚད་ རྒྱབ་སྐྱོར་གྱི་ཐབས་ལམ་གཞན་ཚུ་ཡང་ བཟོ་བའི་བསྒང་ཡོདཔ་སྦེ་ ཞུ་ཡི།


༤. སྒེར་གྱི་སྨན་བཅོས་ཞབས་ཏོག་ལུ་དགོས་མཁོ་ཡར་སེང་།

ལྷོ་ཐིམ་ཕུག་གི་འཐུས་མི་གིས་ སྒེར་གྱི་སྨན་བཅོས་ཞབས་ཏོག་མཁོ་འདོད་སྐྱེད་མི་ ཡར་སེང་འགྱོ་དོ་ཡོད་པའི་སྐོར་ལས་ དྲི་བ་ཞུ་ཡི།

དེ་ལུ་ གསོ་བའི་བློན་པོ་གིས་ གཞུང་གིས་ རྩ་ཁྲིམས་ཆེན་མོ་གིས་ དགོངས་དོན་དང་འཁྲིལ་ མི་མང་གསོ་བའི་ཞབས་ཏོག་ལུ་ ཁས་བླངས་འབད་དེ་ཡོདཔ་ལས་ སྒེར་གྱི་སྨན་ཁང་ཚུ་གིས་ མི་མང་ཞབས་ཏོག་ཚུ་ ལྷན་ཐབས་འབད་ཆོགཔ་སྦེ་ ཡོད་ལུགས་ཀྱི་ཞུ་བ་ཕུལ་བའི་ཁར་ སྒེར་གྱི་གསོ་བའི་ཞབས་ཏོག་ཚུ་ བལྟ་རྟོག་འབད་ནི་དང་ སྤུས་ཚད་དང་ ཟད་འགྲོ་གཏང་ཚུགསཔ་སྦེ་ བཟོ་ནིའི་དོན་ལུ་ ཁྲིམས་ལུགས་དཔྱད་ཡིག་ཅིག་ ཟིན་བྲིས་བཟོ་ནི་གི་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ཨིན་པས།

དེ་མ་ཚད་ དགོངས་ཞུ་འབད་མི་ ཌོག་ཊར་ཚུ་ འབྲུག་ལུ་ ཕྱག་ཞུ་མ་ཚུགས་པའི་ ཚ་གྱས་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གྲོས་བསྟུན་གྱི་ འཐུས་སྤྲོད་དགོ་པའི་ ཚ་གྱས་ཚུ་ཡང་ ཞུ་ཡོདཔ་ཨིན། བློན་པོ་གིས་ དགོངས་ཞུ་འབད་མི་ གསོ་བའི་ལས་བྱེདཔ་ཚུ་གིས་ ལམ་ལུགས་དང་འཁྲིལ་ ཞབས་ཏོག་ཚུ་ བྱིན་ཚུགསཔ་མ་ཚད་ དེ་ཚུ་གི་ ལམ་ལུགས་ཚུ་ཡང་ བཟོ་བའི་བསྒང་ཡོདཔ་ཨིན་པས། འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་འབྲེལ་བའི་ དུས་ཚོད་ཕར་འགྱངས་འབད་བའི་སྐབས་ གྲོས་བསྟུན་གྱི་འཐུས་ཚུ་ ༼ཕྱི་རུ་ཆུ་ཚོད་ ༤ ལས་༧ ཚུན་༽ ཞབས་ཏོག་ཁ་སྐོང་ཚུ་ བྱིན་ནིའི་དོན་ལུ་ཨིནམ་ད་ གཞན་མི་གསོ་བའི་ཞབས་ཏོག་ཚུ་ རིན་མེད་སྟོང་པར་སྦེ་ བཞག་དགོཔ་ཚུ་ཨིན་པས།

༥.  ངང་ལམ་སྨན་ཁང་བཟོ་སྐྲུན་ཕྱིར་འགྱངས།

ངང་ལམ་གྱི་འཐུས་མི་གིས་ ངང་ལམ་ལུ་ སྨན་ཁང་བཟོ་སྐྲུན་འབད་ནི་ ཡུན་འགྱངས་ལུས་མི་ལུ་ ཚ་གྱས་ཡོད་ལུགས་ཚུ་ཞུ་ཡི།

དེ་ལུ་ གསོ་བའི་བློན་པོ་གིས་ སྨན་ཁང་རྒྱ་སྐྱེད་འབད་ནི་དེ་ མི་རློབས་ལུ་རག་ལསཔ་དགོཔ་ལས་བརྟེན་ འཕྲལ་ཁམས་ཅིག་གི་ ཞིབ་འཇུག་ཅིག་ནང་ སྨན་ཁང་གསརཔ་རྐྱབ་ནིའི་དོན་ལུ་ མཁོ་འདོད་བསྐྱེད་མི་ ཉུང་སུ་ཅིག་ལས་བརྒལ་མེད་ནི་དེ་གིས་ ལྷན་ཁག་གིས་ ངང་ལམ་ལུ་ གསོ་བའི་ཞབས་ཏོག་ཡར་དྲག་གཏང་ཐབས་ལུ་ ཤུལ་མའི་ལོ་ནང་  སྨན་པ་ཁ་སྐོང་ གཏང་ནི་གི་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་ཨིན་པས།


Comment

Vote / Poll

How should the government react to Bhutanese leaving to Australa ?

View Results
Encourage them
68%
Discourage them
17%
Stop them from leaving
15%