Dark Mode
Tuesday, 19 August 2025

Welcome to the National Assembly of Bhutan's website...

སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༡ པའི་ཚེས་ ༡༥ ལུ་ སྡེ་ཚན་ཀ་པའི་ལྷན་ཁག་ཚུ་གི་དོན་ལུ་ དྲི་བཀོད་ཀྱི་ལས་རིམ།

སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༡ པའི་ཚེས་ ༡༥ ལུ་ སྡེ་ཚན་ཀ་པའི་ལྷན་ཁག་ཚུ་གི་དོན་ལུ་ དྲི་བཀོད་ཀྱི་ལས་རིམ།

ད་རིས་ སྤྱི་ཚོགས་ ༤ པའི་ ཚོགས་ཐེངས་ ༢ པའི་ དྲི་བཀོད་ལས་རིམ་དང་པ་ འགོ་འདྲེན་འཐབ་ཅི། འདི་ནང་ལུ་ དྲི་བ་བསྡོམས་ ༤ བཀོད་ཡོད་མི་དེ་ཚུ་ འབྲེལ་ཡོད་ སྡེ་ཚན་ཀ་པའི་ ལྷན་ཁག་གི་ བློན་པོ་ཚུ་ལུ་ ངག་ཐོག་གི་དྲི་བ་སྦེ་ཕུལ་ཡོདཔ་ཨིན་མས། དེ་ནང་ལས་ དྲི་བ་ ༢ འདི་ བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་བློན་པོ་ལུ་ བཀོད་ཡོདཔ་དང་། དྲི་བ་ ༢ འདི་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་བློན་པོ་ལུ་ བཀོད་ཡོདཔ་མ་གཏོགས་ གཞན་ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་བློན་པོ་ལུ་ དྲི་བ་བཀོད་མི་ གཅིག་ཡང་མེདཔ་ཨིན་པས། གནད་དོན་དེ་ཚུ་ཡང་ མི་སྡེ་བརྡ་བརྒྱུད་ཀྱི་ཁྲིམས་ལུགས་དང་ ཞི་གཡོགཔ་གི་གདོང་ལེན་ ན་གཞོན་ལཱ་གཡོག་མེད་མི་དང་ ཡན་ལག་ཁྲོམ་གྱི་ དབྱེ་ཁག་བསྐྱར་བཟོ་ དེ་ལས་ སོ་ནམ་ཞིང་ལམ་ཡར་དྲག་གཏང་ནི་ཚུ་ཨིན་པས།

སྐྱེངས་མཁར་ཝེ་རིང་ལ་འདེམས་ཁོངས་འཐུས་མི་གིས་ མི་སྡེ་བརྡ་བརྒྱུད་ཀྱི་ ལམ་ལུགས་ལས་བརྟེན་ སེམས་ཁམས་འཕྲོད་བསྟེན་གྱི་ཉེན་ཁ་དང་ གནས་ཚུལ་རྫུན་མ་ དེ་ལས་ དམིགས་བསལ་གྱིས་ ན་གཞོན་ཚུ་ལུ་ ཡོངས་འབྲེལ་ཐོག་ལས་ དབང་བཙོང་འབད་བའི་ ཚ་གྱས་ཡོད་ལུགས་ཚུ་ཞུ་མི་དེ་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་བློན་པོ་གིས་ཞུ་མི་ནང་ ལྷན་ཁག་གིས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་དང་གཅིག་ཁར་ ཁྲིམས་ལུགས་ཚུ་ སྒྲིང་སྒྲི་བཟོ་ནི་དང་ མི་མང་ལུ་ གོ་བ་བརྡ་སྤྲོད་འབད་ནིའི་དོན་ལུ་ རྒྱལ་གཞུང་འབྲུག་གི་འགག་སྡེ་དང་ ཞི་བའི་མི་སྡེ་ལས་ཚོགས་ དེ་ལས་ ལས་སྡེ་གཞན་ཚུ་དང་ མཉམ་འབྲེལ་འབད་དེ་ ལཱ་འབད་བའི་བསྒང་ཡོདཔ་མ་ཚད་ མི་སྡེ་བརྡ་བརྒྱུད་ཚུ་ མི་ངོ་རང་རྐྱང་གི་ འགན་ཁུར་ཅིག་ཨིན་པའི་ ངེས་ཤེས་བསྐྱེད་དེ་ ལག་ལེན་འཐབ་དགོཔ་ ཁག་ཆེ་བའི་དྲིས་ལན་ཕུལ་ཡོདཔ་ཨིན།ཁམས་དྭངས་རམ་འཇར་འདེམས་ཁོངས་འཐུས་མི་གིས་ ད་ལྟོ་ ན་གཞོན་ལཱ་གཡོག་མེད་པའི་གནས་ཚད་ བརྒྱ་ཆ་ ༡༦.༥ དང་ ཞི་གཡོགཔ་ཚུ་ མར་ཕབ་འགྱོ་མི་དེ་ ཚ་གྱས་ཅན་ཅིག་ཨིནམ་ལས་ དེ་ལུ་ གཞུང་གི་ཧོངས་ལས་ དང་ལེན་ཚུ་ ག་དེ་སྦེ་ཡོད་ག་ཟེར་བའི་ དྲི་བའི་བཀོད་པའི་ལན་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་བློན་པོ་གིས་ འདས་པའི་ལོ་ནང་ ལཱ་གཡོག་མེད་པའི་གྱངས་ཁ་ བརྒྱ་ཆ་ ༣.༡ ལུ་ མར་ཕབ་འགྱོ་སྟེ་ཡོདཔ་དང་ ལཱ་གཡོག་ལྟེ་བ་དང་ རྒྱལ་ཡོངས་གཅིག་སྒྲིལ་ལས་རིམ་ཚུ་གི་ཐོག་ལས་ དཀའ་ངལ་སེལ་ཐབས་ལུ་ ཐབས་ལམ་ཚུ་ བཏོན་བཞིན་ཡོདཔ་མ་ཚད་ ལྷན་ཁག་གིས་ ཁག་འབགཔ་གི་ལས་བྱེདཔ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་དང་ རིག་རྩལ་དང་ལཱ་གཡོག་གི་བར་ན་ མ་མཐུནམ་ཡོད་མི་ཚུ་ སེལ་ཐབས་འབད་ནི་དང་  དགོས་མཁོ་ཅན་གྱི་བཟའ་ཚང་ཚུ་ལུ་ སྐྱེད་ཉུང་སུ་སྦེ་ ཤེས་ཡོན་སྐྱིན་འགྲུལ་ཚར་རེ་ བྱིན་ཐོག་ལས་ གྲོགས་རམ་འབད་ནི་གི་ འཆར་གཞི་དེ་ཚུ་ བརྩམ་པའི་བསྒང་ཡོདཔ་སྦེ་ཞུ་ཡི། 

དགྲ་མེད་རྩེ་སྔ་ཚང་འདེམས་ཁོངས་འཐུས་མི་གིས་ ཡན་ལག་ཁྲོམ་གྱི་དབྱེ་བ་ཕྱེ་ནིའི་སྐོར་ལས་ ཚ་གྱས་ཡོད་ལུགས་ཚུ་བཤད་ཡོདཔ་ད་ ཁོ་གིས་ ཁྲོམ་དེ་ཚུ་ནང་ མཐུན་རྐྱེན་ཚུ་ ཉམས་བཅོས་འབད་དགོཔ་དང་ ཡང་ཅིན་ ཁྲལ་གྱི་ལམ་ལུགས་ཚུ་ བདེ་སྒྲིག་བཟོ་དགོཔ་ཁག་ཆེ་བའི་ དྲི་བ་བཀོད་པའི་ལན་ལུ་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་བློན་པོ་གིས་ ཐོན་སྐྱེད་ཀྱི་ དཀའ་ངལ་ཡོད་རུང་ གཞུང་གིས་ ཡན་ལག་ཁྲོམ་སྡེ་ཚུ་ནང་ རྒྱབ་སྐྱོར་འབད་ནི་ལུ་ ཁས་བླངས་འབད་དེ་ཡོདཔ་ད་ མཐའ་ཟུར་ཁྲོམ་སྡེ་ཚུ་གི་དོན་ལུ་ འཆར་དངུལ་ཐེར་འབུམ་ ༡ བགོ་བཀྲམ་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་པས།

དྲི་བ་མཇུག་ར་ གསེར་གྱི་ཐང་རྩི་རང་སྟོད་འདེམས་ཁོངས་འཐུས་མི་གིས་ གྲོང་གསེབ་སོ་ནམ་ཞིང་ལམ་ཚུ་ ཡར་དྲག་གཏང་ནི་དང་ དམིགས་བསལ་གྱིས་ རྡོ་རུག་གཞིབ་ནི་ ༼Base Courses༽ ཚུ་ མཇུག་བསྡུ་ནི་དང་ སྤྱི་འོག་སྦོམ་ཚུ་ནང་འགྱོ་སའི་ ལམ་གཙོ་བོ་ཚུ་ རྩི་ནག་གཏང་དགོ་པའི་སྐོར་ལས་ དྲི་བ་བཀོད་པའི་ལན་ལུ་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་བློན་པོ་གིས་ གཞུང་གིས་ ལམ་འདི་ཚུ་ རྩི་ནག་གཏང་ནི་གི་ གཙོ་རིམ་སྒྲིག་ནིའི་ འཆར་གཞི་ཡོདཔ་ལས་ འཆར་དངུལ་འདི་ ལས་འགུལ་ཆུང་བ་ལས་ མ་ལང་པ་ཅིན་ མ་དངུལ་གྱི་ཐོན་ཁུངས་ཚུ་ གཞན་ལས་ འཚོལ་ཞིབ་འབད་ནི་ཨིནམ་མ་ཚད་ ལྷན་ཁག་གིས་ བཟོ་རིག་ལས་སྡེ་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ གཞི་བཙུགས་འབད་ཚུགས་པའི་ འཆར་གཞི་ཡོད་པའི་དྲིས་ལན་ཕུལ་ཡི།

Comment

Vote / Poll

How should the government react to Bhutanese leaving to Australa ?

View Results
Encourage them
68%
Discourage them
17%
Stop them from leaving
15%