
དཔྱད་ཡིག་གི་ལྷག་ཐེངས་དང་པ་དང་གཉིས་པ།
འབྲུག་གི་ནོར་ཁྲལ་དགོངས་ཡངས་དཔྱད་ཡིག་ ༢༠༢༤ ཅན་མ་དང་ འབྲུག་གི་སྤྱི་ཚོགས་ཀྱི་འཐུས་མིའི་ཐོབ་ཐང་གི་ ༼འཕྲི་སྣོན༽ དཔྱད་ཡིག་གཉིས་ གཞུང་འབྲེལ་མཛད་རིམ་དང་བསྟུན་ ཚོགས་ཁང་ནང་ ལྷག་ཐེངས་དང་པ་དང་གཉིས་པའི་ གྲོས་དོན་ཕུལ་ཡི།
ཨིན་རུང་ དཔྱད་ཡིག་འགོ་འཛིན་པ་ དངུལ་རྩིས་བློན་པོ་གིས་ འབྲུག་གི་ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་ ༼འཕྲི་སྣོན༽ དཔྱད་ཡིག་ ༢༠༢༤ ཅན་མའི་ རིམ་ལུགས་ལེགས་ཤོམ་བཟོ་དགོ་པའི་ཁར་ ད་ལྟོ་ཡོད་པའི་བཅའ་ཁྲིམས་འདི་ བསྐྱར་ཞིབ་ལོགས་སུ་སྦེ་འབད་དགོཔ་ལས་བརྟེན་ ཕྱིར་བཏོན་འབད་དགོ་པའི་ གྲོས་དོན་ཕུལ་མི་དེ་ལུ་ ཚོགས་དམངས་ཀྱིས་ ཕྱག་ཡར་སེང་གིས་ མང་མོས་ཐོག་ལས་ ངོས་ལེན་ཕུལ་ཏེ་ དཔྱད་ཡིག་འདི་ ཕྱིར་བཏོན་མཛད་གནང་ཡི།
ལྷག་ཐེངས་དང་པའི་ནང་ དངུལ་རྩིས་བློན་པོ་གིས་ འབྲུག་གི་ནོར་ཁྲལ་དགོངས་ཡངས་དཔྱད་ཡིག་ ༢༠༢༤ ཅན་མའི་ ངོ་སྤྲོད་ཕུལ་ཡི། དཔྱད་ཡིག་འདི་གིས་ ནོར་ཁྲལ་ ནོར་རེ་ལུ་ དངུལ་ཀྲམ་ ༡ ལས་ ༡༠ རེ་ བཀལ་སྲོལ་ཡོད་མི་འདི་ ཡངས་ཆག་འབད་དགོཔ་སྦེ་ གྲོས་འཆར་བཀོད་དེ་ཡོདཔ་ཨིན། དགོངས་ཡངས་འདི་གིས་ ནོར་གསོ་སྐྱོང་འཐབ་ནི་ལུ་ མ་རྩ་གཞི་བཙུགས་འབད་ནིའི་ སེམས་ཤུགས་བྱིན་ཏེ་ གྲོང་གསེབ་མི་སྡེ་ཚུ་གི་ འཚོ་བའི་གནས་སྟངས་ལུ་ ལྷན་ཐབས་འབད་ནི་དང་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིནམ་མ་ཚད་ ས་གནས་གཞུང་ལུ་ ཁྲལ་ལས་ འོང་འབབ་དེ་ ཉུང་སུ་ཅིག་ལས་བརྒལ་མེད་རུང་ སོ་ནམ་པ་ཚུ་ལུ་ གདོང་ལེན་བྱུང་མི་ལུ་བརྟེན་ དགོངས་ཡངས་གཏང་ནི་གི་ གྲོས་འཆར་བཀོད་པའི་གུ་ ལས་རིམ་འདི་གིས་ འབྲུག་ལུ་ སོ་ནམ་གོང་འཕེལ་ཡར་དྲག་གཏང་ནི་དང་ བཟའ་འཐུང་གི་ ཉེན་སྲུང་ཡར་དྲག་གཏང་ནི་གི་ གཞུང་གི་དམིགས་ཡུལ་ཚུ་དང་ རྟགས་མཐུནམ་སྦེ་ བཟོ་ནི་ཨིན་ཟེར་ཨིན་མས།
ཚོགས་ཁང་གིས་ དཔྱད་ཡིག་འདི་ ངོས་ལེན་ཐོག་ལས་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གིས་ བསྐྱར་ཞིབ་འབད་དེ་ སྤྱི་ཚེས་ ༢༥.༡༡.༢༠༢༤ ལུ་ ཚོགས་ཁང་ནང་ ལྷག་ཐེངས་གསུམ་པའི་ སྙན་ཞུ་ཕུལ་དགོཔ་སྦེ་ བཀའ་རྒྱ་གནང་ཡོདཔ་ཨིན།
དེ་ལས་ དཔྱད་ཡིག་འགོ་འཛིན་པ་ ཁྲིམས་དོན་ཚོགས་ཆུང་ཁྲི་འཛིན་གྱིས་ འབྲུག་གི་སྤྱི་ཚོགས་ཀྱི་འཐུས་མིའི་ཐོབ་ཐང་ ༼འཕྲི་སྣོན་༽ དཔྱད་ཡིག་ ༢༠༢༤ ཅན་མའི་ ལྷག་ཐེངས་དང་པ་དང་གཉིས་པའི་དོན་ལུ་ ངོ་སྤྲོད་ཕུལ་ཡི། ཁྲི་འཛིན་གྱིས་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་བཅའ་ཁྲིམས་ ༢༠༢༢ ཅན་མ་དང་ འབྲུག་གི་དངུལ་ཕོགས་བསྐྱར་བཟོའི་བཅའ་ཁྲིམས་ ༢༠༢༣ ཅན་མ་གཉིས་དང་ སྤྱི་ཚོགས་ཀྱི་འཐུས་མིའི་ཐོབ་ཐང་ ༼འཕྲི་སྣོན་༽ དཔྱད་ཡིག་ནང་ དགོངས་དོན་མ་མཐུན་མི་ཚུ་ བདེ་འགྲིག་བཟོ་ནིའི་དོན་ལུ་ འཕྲི་སྣོན་འབད་དགོཔ་ཁག་ཆེ་བའི་ གྲོས་འཆར་ཕུལཝ་ཨིན་ཟེར་ཨིན་མས།
གྲོས་འཆར་ཕུལ་མི་འཕྲི་སྣོན་ཚུ་ཡང་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གི་ཐོབ་ཐང་ཚུ་ དྭངས་གསལ་དང་ སྙོམས་ཏོག་ཏོ་བཟོ་ནི་ དེ་ལས་ སྤྱི་ཚོགས་ཀྱི་བྱ་རིམ་ཚུ་ གཅིག་མཐུན་དང་ དོན་སྨིན་ཅན་སྦེ་ ཡར་དྲག་གཏང་ཐབས་ལུ་ བཟོ་ཡོདཔ་ཨིན་པས། འདི་ཡང་ གཞུང་གིས་ དམངས་གཙོའི་གཞི་རྩ་དང་ དྭངས་གསལ་ཚུ་ བདག་འཛིན་འཐབ་ནི་གི་ ཁས་བླངས་འབད་མི་དང་འཁྲིལ་ཏེ་ མཐའ་མཇུག་ཁར་ མི་མང་གིས་ ཁྲིམས་བཟོ་ལྷན་སྡེ་ལུ་ བློ་གཏད་བསྐྱེད་བཅུག་ནི་དང་ འཐུས་མི་ཚུ་ལུ་ རྩ་ཁྲིམས་ཆེན་མོའི་འགན་ཁུར་འབག་ནི་ལུ་ རྒྱབ་སྐྱོར་འབད་ནི་ཚུ་ཨིན་པས།
ཚོགས་ཁང་གིས་ དཔྱད་ཡིག་དེ་ ངོས་ལེན་འབད་དེ་ བསྐྱར་ཞིབ་འབད་ནིའི་དོན་ལུ་ ཁྲིམས་བཟོ་ཚོགས་ཆུང་ལུ་ གནང་ཡོདཔ་ད་ བསྐྱར་ཞིབ་སྙན་ཞུ་དེ་ སྤྱི་ཚེས་ ༢༦/༡༡/༢༠༢༤ ལུ་ ལྷག་ཐེངས་གསུམ་པའི་དོན་ལུ་ ཚོགས་ཁང་ནང་ ཕུལ་དགོ་པའི་བཀའ་རྒྱ་གནང་ཡི།