སྤྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ཚེས་ ༢༠ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་ལྟར་སྙན་ཞུ་ ༢༠༢༣-༢༠༢༤ ལོའི་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ བསྐྱར་ཞིབ་སྙན་ཞུའི་གུ་ གྲོས་བསྡུར་འཕྲོ་མཐུད།
ཚོགས་ཁང་གིས་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་ལྟར་སྙན་ཞུ་ ༢༠༢༣-༢༠༢༤ ཅན་མར་ བསྐྱར་ཞིབ་ཀྱི་སྙན་ཞུ་་ཕུལ་མི་གུ་ གྲོས་འདེབས་ཚུ་ ད་རིས་ འཕྲོ་མཐུད་དེ་ གསུང་གྲོས་གནང་ཡི།
ཚོགས་ཁང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ གྲོས་འདེབས་ ༤ དང་ ཚོགས་ཆུང་གི་ གྲོས་འདེབས་ ༣ གུ་ གྲོས་བསྡུར་འབད་དེ་ གཤམ་འཁོད་ཀྱི་ གྲོས་འདེབས་ཚུ་ ཆ་འཇོག་གྲུབ་ཅི།
༡༽ གཞུང་གིས་ དྲང་སྤྱོད་དང་ ངན་ལྷད་བཀག་སྡོམ་གྱི་འབད་བརྩོན་སྐྱེད་མི་ ཁྲིམས་ལུགས་བསྟར་སྤྱོད་འབད་མི་དང་ ཚད་འཛིན་འབད་མི་ གཙུག་སྡེ་ཚུ་ལུ་ དབང་ཆ་སྤྲོད་ནིའི་དོན་ལུ་ རྒུད་འཐུས་ཡར་སེང་ ཚད་འཛིན་གཞི་སྒྱུར་འབད་ནི་དང་ ཞིབ་དཔྱད་ཡར་སེང་འབད་ནི་ རིག་སྟོབས་དང་ དེ་ལས་ འཕྲུལ་རིག་གི་ ལྕོགས་གྲུབ་ཚུ་ཡར་དྲག་གཏང་ནི།
༢༽ གཞུང་གིས་ དྲང་སྤྱོད་དང་ ངན་ལྷད་བཀག་སྡོམ་གྱི་ལས་རིམ་ཚུའི་ བལྟ་རྟོག་དང་དབྱེ་ཞིབ་གཞི་བཀོད་ ཡུན་བརྟན་བཟོ་ནིའི་དོན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་འདི་ བལྟ་རྟོག་དང་དབྱེ་ཞིབ་གཞི་བཀོད་ གཙོ་བོ་ཅིག་སྦེ་ གཅིག་སྒྲིལ་འབད་དེ་ ངན་ལྷད་བཀག་སྡོམ་གྱི་ ལས་རིམ་ཚུ་ མཉམ་སྡེབ་འབད་ཐོག་ལས་ ལཱ་གི་གྲུབ་འབྲས་ལུ་ གཞིར་བཞག་སྟེ་ འཆར་དངུལ་བཟོ་ནི་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ གྲུབ་འབྲས་སྟོན་སྟེགས་ནང་ ངན་ལྷད་བཀག་སྡོམ་གྱི་ བརྡ་སྟོན་ཚུ་བཙུགས་ནི།
༣༽ འབྲེལ་ཡོད་ལས་སྡེ་ཆ་མཉམ་གྱིས་ འགན་འཁྲི་དང་ བལྟ་རྟོག་གི་ཐབས་ལམ་ཚུ་ བརྩོད་ཤུགས་བསྐྱེད་ནིའི་དོན་ལུ་ སྤྱི་ཚོགས་ཀྱིས་ བལྟ་རྟོག་ཐབས་རིགས་ཚུ་ སྒྲིང་སྒྲི་བཟོ་ནི་དང་ མི་སེར་དང་ཞི་བའི་མི་སྡེ་ཚུ་ འབྲེལ་གཏོགས་འབད་ནི་ དེ་ལས་ བརྡ་དོན་གསལ་བསྒྲགས་འབད་ནི་ཚུ་ ཡར་སེང་འབད་ནི།
༤༽ འབྲེལ་ཡོད་ལས་སྡེ་ཆ་མཉམ་གྱིས་ ཁྲིམས་བཟོ་དང་སྲིད་བྱུས་བསྒྱུར་བཅོས་དང་ བསྟར་སྤྱོད་དང་ བལྟ་རྟོག་སྒྲིང་སྒྲི་བཟོ་ནི་ དེ་ལས་ ཚོང་འབྲེལ་གྱི་ ཁྲིམས་ལུགས་མཐའ་འཁོར་ ཡར་དྲག་གཏང་ཐོག་ལས་ འོང་འབབ་བསྡུ་ལེན་ནང་ ངན་ལྷད་ཀྱི་ཉེན་ཁ་ཚུ་ བཀག་ཐབས་འབད་ནི།
༥༽ ངན་ལྷད་ཀྱི་ལཱ་ཚུ་ མར་ཕབ་འབད་ནིའི་དོན་ལུ་ དྭངས་གསལ་དང་ གཅིག་མཐུན་གྱི་སྐོར་ལས་ མི་མང་ལུ་ ཤེས་ཡོན་དང་ གོ་བ་བརྡ་སྤྲོད་ཚུ་ མང་སུ་སྦེ་ འགོ་འདྲེན་འཐབ་ནི།
༦༽ ངན་ལྷད་བཀག་ཐབས་ལུ་ མཐར་འཁྱོལ་བྱུང་མི་འདི་ གཞུང་གི་སྲིད་དོན་གྱི་ དམིགས་ཡུལ་སྒྲིང་སྒྲི་དང་ འཆར་དངུལ་དང་ མི་སྟོབས་ལངམ་སྦེ་ བགོ་བཀྲམ་འབད་མི་ལུ་བརྟེན་ཏེ་ཨིནམ་སྦེ་ བརྩི་འཇོག་འབད་དེ་ དངུལ་རྩིས་ལྷན་ཁག་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ འཆར་དངུལ་དང་ མི་སྟོབས་ལངམ་སྦེ་ བགོ་བཀྲམ་འབད་ནི།
ད་རིས་ ཚོགས་དམངས་ཀྱིས་ གྲོས་བསྡུར་འབད་བའི་སྐབས་ ཚོགས་ཁང་གིས་ གྲོས་འདེབས་ཁ་སྐོང་ ༤ ཕུལ་ཏེ་ ཆ་འཇོག་གྲུབ་ཡོད་མི་ དེ་ཡངཿ
༡༽ གཞུང་གིས་ ཡོངས་འབྲེལ་ཐོག་ལས་ ཞབས་ཏོག་ཚུ་ འཕྲོ་མཐུད་དེ་ར་ རྒྱ་སྐྱེད་གཏང་ནི་ཨིནམ་དང་ དེ་གིས་ དུས་ཚོད་མར་ཕབ་འབད་ནི་ རྐྱངམ་གཅིག་མེན་པར་ དྭངས་གསལ་དང་ སྙོམས་ཏོག་ཏོ་ དེ་ལས་ འདྲ་མཉམ་གྱི་ཞབས་ཏོག་ཚུ་ བྱིན་ཚུགས་ནི་ཨིནམ་མ་ཚད་ ཞབས་ཏོག་བྱིན་མི་དང་ ཞབས་ཏོག་ལེན་མི་ཚུ་གི་བར་ན་ ངན་ལྷད་བཀག་ཐབས་འབད་ཚུགས་ནི།
༢༽ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་ལྟར་སྙན་ཞུ་དང་ རྒྱལ་ཡོངས་གཅིག་སྒྲིལ་དབྱེ་ཞིབ་སྙན་ཞུ་ བསྐྱར་ཞིབ་འབད་ནིའི་དོན་ལུ་ འབྲུག་གི་རྒྱལ་ཡོངས་ཚོགས་འདུས་གིས་ འབྲུག་རྒྱལ་ཡོངས་ཚོགས་སྡེ་དང་གཅིག་ཁར་ སྤྱི་ཚོགས་ཀྱི་མཉམ་འབྲེལ་ཚོགས་ཆུང་གཞི་བཙུགས་འབད་ནིའི་དོན་ལུ་ གྲོས་བསྟུན་འབད་ནི།
༣༽ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ངན་ལྷད་དང་འབྲེལ་བའི་ འཁྲུན་ཆོད་ཡོངས་བསྡོམས་དང་ གནད་དོན་འདི་ཚུ་ནང་ སྐྱིན་འགྲུལ་དང་ རྒྱུ་དངོས་ལོག་ཐོབ་ཀྱི་ ད་ལྟོའི་གནས་སྟངས་ཚུ་ ཁ་གསལ་སྦེ་ སྙན་ཞུ་ཡོངས་རྫོགས་ཅིག་ བསྡུ་སྒྲིག་འབད་དེ་ ཤུལ་མའི་ཚོགས་ཐེངས་ནང་ ཕུལ་དགོཔ།
༤༽ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ ཤུལ་མའི་ཚོགས་ཐེངས་ནང་ ཁྲིམས་འདུན་གྱིས་ ཉེས་ཆད་བཀལ་མི་དང་ ཡང་ན་ རྩོད་གཞི་ཚུ་ ཆ་མེད་བཏང་མིའི་ མི་སེར་ལུ་ རྒུད་འཐུས་དང་ མི་ཚེ་ཉམས་གསོ་སྐོར་ལས་ བསྐྱར་ཞིབ་སྙན་ཞུ་ཕུལ་དགོཔ།
ཚོགས་ཁང་གིས་ གོང་འཁོད་ཀྱི་ གྲོས་འདེབས་ཚུ་ག་ར་ ཆ་འཇོག་མཛད་ཡོདཔ་བཞིན་དུ་ རྒྱབ་སྐྱོར་ཡོད་མེད་ རྒྱན་སྐྱུར་ཐོག་ལས་གཟིགས་པའི་སྐབས་ རྒྱན་སྐྱུར་ཚོགས་གྲལ་འཐུས་མི་ ༤༡ ཡོད་པའི་ནང་ལས་ འཐུས་མི་ ༣༨ ཀྱིས་ རྒྱབ་སྐྱོར་ཕུལ་ཡོད་དང་ འཐུས་མི་ ༡ གིས་འཛེམས་ འཐུས་མི་གཉིས་ཀྱིས་ རྒྱབ་སྐྱོར་མེད་པའི་ རྒྱན་སྐྱུར་གནང་པའི་མཐའ་མར་ མང་མོས་ཐོག་ལས་ གྲོས་འདེབས་ཚུ་ ཆ་འཇོག་གྲུབ་གནང་ཡོདཔ་ཨིན་མས།
Comment
Vote / Poll
How should the government react to Bhutanese leaving to Australa ?