Dark Mode
Thursday, 30 January 2025

Welcome to the National Assembly of Bhutan

དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གིས་ དཔལ་འབྱོར་ལྷན་ཐབས་མ་དངུལ་གྱི་སྐོར་ལས་ གྲོས་འདེབས་ཕུལ་ཡོདཔ།

དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གིས་ དཔལ་འབྱོར་ལྷན་ཐབས་མ་དངུལ་གྱི་སྐོར་ལས་ གྲོས་འདེབས་ཕུལ་ཡོདཔ།

དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་ཁྲི་འཛིན་ བར་མཚམས་གཤོང་ཕུག་འདེམས་ཁོངས་འཐུས་མི་གིས་ ད་རིས་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གིས་ དཔལ་འབྱོར་ལྷན་ཐབས་མ་དངུལ་གྱི་ གྲོས་འདེབས་དང་ བལྟ་རྟོག་ཁག་ ༧ གསལ་ཞུ་ཕུལ་ཡི།

གཤམ་གསལ་གྱི་བལྟ་རྟོག་དང་གྲོས་འདེབས་ཚུ་ཕུལ་ཡོདཔ་ཨིནཿ

༡༽ དཔལ་འབྱོར་ལྷན་ཐབས་མ་དངུལ་ལྷག་ལུས་ དངུལ་ཀྲམ་ ཐེར་འབུམ་ ༡༠ འཕྲལ་ར་བྱིན་དགོཔ།

ད་ལྟོ་ཚུན་ དངུལ་ཀྲམ་ཐེར་འབུམ་ ༡༥ ལས་ དངུལ་ཀྲམ་ཐེར་འབུམ་ ༥ ༼བརྒྱ་ཆ་ ༣༣.༣༣༽ རྐྱངམ་གཅིག་ དངུལ་བྱིན་ཡོདཔ་ལས་ དཔལ་འབྱོར་ཡར་དྲག་གཏང་ནི་ལུ་ ལྷག་ལུས་ དངུལ་ཀྲམ་ཐེར་འབུམ་ ༡༠ འདི་ འཕྲལ་མགྱོགས་ར་ བྱིན་དགོ་པའི་ ཞུ་བ་འབད་དགོཔ་སྦེ་ གྲོས་འཆར་བཀོད་ནུག། ད་རེས་ནངས་པའི་ བགོ་བཤའ་གཞིར་བཞག་གི་ལམ་ལུགས་འདི་ དུས་རྒྱུན་གྱི་གོང་འཕེལ་འཆར་གཞི་ཚུ་དང་ ཅོག་འཐདཔ་ཨིནམ་ལས་ དཔལ་འབྱོར་གྱི་ འཕྲལ་མཁོའི་དགོས་མཁོ་ཚུ་ བསལ་ནི་ལུ་ འོས་འབབ་མེདཔ་ཨིན་པས།

༢༽ འབབ་ཁུངས་ཆེ་བའི་ མ་རྩ་གཞི་བཙུགས་ལུ་ དམིགས་གཏད་བསྐྱེད་དགོཔ།

མ་དངུལ་ལ་ལུ་ཅིག་ འབབ་ཁུངས་ཆེ་བའི་ལས་འགུལ་ཚུ་གི་ཚབ་ལུ་ རྒྱུན་སྐྱོང་ཟད་འགྲོ་ནང་ བགོ་བཀྲམ་འབད་ཡོདཔ་སྦེ་ བཀོད་ནུག། གཞུང་གི་ཁ་ཐུག་ལས་ དཔལ་འབྱོར་ལྷན་ཐབས་མ་དངུལ་གྱི་ དམིགས་ཡུལ་དང་འཁྲིལ་ འབབ་ཁུངས་ཆེ་བའི་ ལས་འགུལ་ཚུ་ནང་ མ་དངུལ་བགོ་བཀྲམ་འབད་ནི་ལུ་ གཙོ་རིམ་བཟུང་དགོཔ་སྦེ་ ཚོགས་ཆུང་གིས་ གྲོས་འཆར་བཀོད་ནུག།

 

༣༽ ཉེན་ཁ་མར་ཕབ་ཀྱི་ཐབས་བྱུས།

ཉེན་ཁ་ཆེ་བའི་གནད་དོན་ལུ་བརྟེན་ཏེ་ དངུལ་འབྲེལ་ལས་སྡེ་ཚུ་གིས་ སྐྱིན་འགྲུལ་བྱིན་ནི་ལུ་ སྟབས་མ་བདེཝ་ཡོདཔ་ལས་ དཔལ་འབྱོར་ལྷན་ཐབས་མ་དངུལ་གྱི་འོག་ སྐྱིན་འགྲུལ་བྱིན་ནི་ལུ་ སེམས་ཤུགས་བྱིན་ནིའི་དོན་ལུ་ བུ་ལོན་གྱི་ཉེན་ཁ་མར་ཕབ་འདབ་ནི་ཚུ་ ཐབས་ལམ་གཞན་མི་ཚུ་གི་ཐོག་ལས་ འགོ་བཙུགས་དགོཔ་སྦེ་ གྲོས་འཆར་བཀོད་ནུག།

༤༽ ལས་སྡེའི་ཁྱབ་ཚད་རྒྱ་སྐྱེད།

མགྲོན་སྐྱོང་དང་ཕྱིར་ཚོང་ དེ་ལས་ ས་ཐོག་བསྡུ་བསྒྱོམ་འབད་ནི་དང་ རྡོ་གཏེར་གྱི་ལཱ་ཚུ་ དཔལ་འབྱོར་ལྷན་ཐབས་མ་དངུལ་གྱི་རྒྱབ་སྐྱོར་གཞི་བཀོད་ནང་ལས་ ཕྱིར་བཏོན་འབད་ཡོདཔ་ལས་ ཚོགས་ཆུང་གིས་ དཔལ་འབྱོར་ཡར་དྲག་གཏང་ནིའི་དོན་ལུ་ འོས་འབབ་ལྡན་པའི་ ལས་ཁུངས་ཚུ་ བཙུགས་དགོ་པའི་ གྲོས་འཆར་བཀོད་ནུག།

༥༽ ཚད་ལྡན་བྱ་སྒོའི་རིམ་པ།  

ཚོགས་ཆུང་གིས་ བྱ་སྒོའི་ལམ་ལུགས་གཅིག་མཚུངས་བཟོ་ནི་དང་ སྐྱིན་འགྲུལ་གྱི་ དུས་ཚོད་གཏན་འཁེལ་བཟོ་དགོ་པའི་ གྲོས་འཆར་བཀོད་ཡོདཔ་ད་ དེ་ཡང་ དངུལ་འབྲེལ་ལས་སྡེ་ཚུ་ནང་ ལམ་སྟོན་གཅིག་མཚུངས་མེད་མི་ལུ་བརྟེན་ དཔལ་འབྱོར་ལྷན་ཐབས་ལས་རིམ་ ལག་ལེན་འཐབ་ནི་ལུ་ མགུ་རྙོག་དྲགས་སྦེ་ ཡོད་མི་ལུ་བརྟེན་ཨིན་པས།

 

༦༽ དུས་ཚོད་དང་ ཡིག་ཆས་ཚུ།

 

ཚོགས་ཆུང་གིས་ ཞུ་ཡིག་བཙུགས་ནིའི་བྱ་རིམ་ འཇམ་ཏོང་ཏོ་བཟོ་དགོ་པའི་ གྲོས་འདེབས་ཕུལ་ཡོདཔ་དང་ གྲལ་གཏོགས་ཡར་དྲག་གཏང་ནིའི་དོན་ལུ་ བྱ་རིམ་གྱི་དུས་ཡུན་ཚུ་གཏན་འཁེལ་བཟོ་ནི་དང་ སྐྱིན་འགྲུལ་དོན་ལུ་ དུས་ཚོད་ཡུན་རིངམོ་འགོར་མི་དེ་ལས་ དགོས་མཁོའི་ཡིག་ཆས་ཀྱི་ ཁྱད་ཆོས་ཚང་མ་ཚུགས་མི་དེ་གིས་ ལས་རིམ་འདི་ ཕན་ནུས་ཅན་སྦེ་ འགྲུབ་ནི་ལུ་ ཐོ་ཕོག་ཡོདཔ་སྦེ་ ཧ་གོ་ཡོདཔ་ཨིན་མས།

 

༧༽ སྐྱིན་འགྲུལ་ལོག་བཏབ་མ་ཚུགསཔ་དང་ མ་རྩ་རྩ་སྟོང་གི་གནད་དོན་ཚུ་བསལ་དགོཔ།

ཚོགས་ཆུང་གིས་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་པའི་ གྱངས་ཁ་ཡར་སེང་འགྱོ་མི་དང་ མ་རྩ་རྩ་སྟོང་དང་དངུལ་འབྲེལ་གྱི་ གདོང་ལེན་བསལ་ཐབས་ལུ་ མ་རྩ་རྩ་སྟོང་གི་ དཔྱད་ཡིག་གསརཔ་ཅིག་ གང་མགྱོགས་བརྩམ་དགོ་པའི་ གྲོས་འཆར་བཀོད་ནུག།

ལྷན་ཁག་གིས་ འཐུས་མི་ ༧ འབད་མི་ཚོགས་ཆུང་དང་ དཔལ་འབྱོར་ལྷན་ཐབས་མ་དངུལ་ བལྟ་རྟོག་འབད་མི་ ཁྱད་རིག་ཚོགས་ཆུང་གཉིས་ཆ་ར་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ ལཱ་འབད་དོ་ཟེར་ བློན་པོ་གིས་ སྙན་ཞུ་ཕུལ་ཡི། ལས་རིམ་གྱི་འཆར་དངུལ་ ཐེར་འབུམ་ ༡༥ འདི་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཆ་འཇོག་གནང་ཡོདཔ་ད་ དེ་ནང་ སྐྱིན་འགྲུལ་གྱི་དོན་ལུ་ ཐེར་འབུམ་ ༣.༣ དང་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་མི་ཚུ་ བསྐྱར་གསོ་འབད་ནིའི་དོན་ལུ་ ཐེར་འབུམ་ ༢ བགོ་བཀྲམ་འབད་ཡོདཔ་ཨིན་པས། སྤྱི་ཚེས་ ༡༩.༠༥.༢༠༢༤ ལུ་ འགོ་བཙུགས་མི་ དཔལ་འབྱོར་ལྷན་ཐབས་ལས་རིམ་འདི་ སྤྱི་ཚེས་ ༠༢.༠༩.༢༠༢༤ ལུ་ གཞུང་འབྲེལ་དུ་ ལག་ལེན་འཐབ་ནི་འགོ་བཙུགས་ནུག། ཚོང་འབྲེལ་དང་ ཚོང་འབྲེལ་མེན་པའི་དངུལ་འབྲེལ་ལས་སྡེ་ཚུ་བརྒྱུད་དེ་ མཉམ་འབྲེལ་འབད་དེ་ གཞུང་གི་ཕྱོགས་ལྷུང་ལས་ བཀག་ཐབས་ལུ་ བཟོ་བཀོད་འབད་ཡོདཔ་ཨིན་པས། ལས་རིམ་འདི་གིས་ སྐྱིན་འགྲུལ་གྱི་སྐྱེད་ བརྒྱ་ཆ་ ༤ རེ་བཀལ་དོ་ཡོདཔ་ད་ དངུལ་ཁང་ཚུ་ལུ་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་མི་ཚུ་ བསྐྱར་གསོ་འབད་ནིའི་ འགན་འཁྲི་ཕོགཔ་སྦེ་ ཡོདཔ་ཨིན་མས། མི་མང་གི་ཚ་གྱས་ཚུ་ འབྲུག་གི་དངུལ་ཁང་རྐྱངམ་གཅིག་གིས་ ལག་ལེན་ལམ་སྟོན་དང་འཁྲིལ་ སྐྱིན་འགྲུལ་གྱི་ལམ་ལུགས་ དངུལ་ཀྲམ་ཐེར་འབུམ་ ༣.༣ དེ་ཅིག་ འཛིན་སྐྱོང་འཐབ་ཚུགས་པའི་ ངེས་གཏན་བཟོ་ཡོདཔ་མ་ཚད་ དཔལ་འབྱོར་ལྷན་ཐབས་མ་དངུལ་ ལག་ལེན་འཐབ་ནི་དང་འབྲེལ་ ཚོགས་ཆུང་གིས་ གྲོས་འདེབས་ལེ་ཤ་ཅིག་ར་ བསལ་ཚུགས་ཟེར་ཨིན་པས།

ཚོགས་ཁང་གིས་ ལྷན་ཁག་གིས་ མི་མང་ལུ་ མཐུན་སྒྲིག་བཟོ་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་མི་དང་ ཐབས་ལམ་གསརཔ་ཚུ་ བཏོན་མི་ལུ་ རྒྱབ་སྣོན་ཕུལ་ཡི། དེ་མ་ཚད་ ཚོགས་ཁང་གིས་ ཚོགས་ཆུང་གིས་ གྲོས་འདེབས་ ༧ ཕུལ་མི་དེ་ བརྩི་འཇོག་འབད་དགོཔ་གལ་ཆེ་བའི་ཁར་ ས་གནས་གཞུང་དང་ མཉམ་འབྲེལ་འབད་དགོཔ་མ་ཚད་ སྤྱིར་བཏང་ མི་མང་ལུ་ གོ་བ་བརྡ་སྤྲོད་ཚུ་ཡང་ གང་མང་སྤེལ་དགོཔ་སྦེ་ དྲན་གསོ་གནངམ་ད་འབྲེལ་ ཚོགས་ཁང་གིས་ གྲོས་འདེབས་ཚུ་ ཆ་འཇོག་གྲུབ་ནི་ལུ་ ཚོགས་དམངས་ལས་ ངོས་ལེན་ཡོད་མེད་ ཕྱག་ཡར་སེང་ཐོག་ལས་གཟིགསཔ་ད་ འཐུས་མི་མང་མོས་ཐོག་ལས་ རྒྱབ་སྐྱོར་ཕུལ་ཡོདཔ་ཨིན་མས། 

Comment

Vote / Poll

How should the government react to Bhutanese leaving to Australa ?

View Results
Encourage them
67%
Discourage them
17%
Stop them from leaving
15%