ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ལོ་ལྟར་སྙན་ཞུ་ ༢༠༢༣-༢༠༢༤ གུ་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ བསྐྱར་ཞིབ་སྙན་ཞུ་ཕུལ་ཡི།
གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་ཁྲི་འཛིན་ གསེར་གྱི་ཐང་རྩི་རང་སྟོད་འདེམས་ཁོངས་ཀྱི་འཐུས་མི་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་ལྟར་སྙན་ཞུ་ ༢༠༢༣-༢༠༢༤ ཅན་མའི་ བསྐྱར་ཞིབ་སྙན་ཞུ་དང་ གྲོས་འདེབས་ཚུ་ ཚོགས་ཁང་ནང་ ཕུལ་ཡི། འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་ ༢༧ (༤) པ་དང་ འབྲུག་གི་ངན་ལྷད་བཀག་སྡོམ་གྱི་བཅའ་ཁྲིམས་ ༢༠༡༡ ཅན་མའི་ དོན་ཚན་ ༡༦༩(༡) པ་དང་འཁྲིལ་ཏེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ལོ་ལྟར་སྙན་ཞུ་ སྤྱི་ཚོགས་ལུ་ ཕུལ་དགོ་པའི་ འགན་དབང་ཡོདཔ་ཨིན་མས།
ཚོགས་ཆུང་གིས་ སྙན་ཞུའི་དོན་ཚན་ ༦ རྩིས་ཏེ་ བསྐྱར་ཞིབ་སྙན་ཞུ་ཕུལ་ཡོདཔ་ད་ དེ་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལས་ གྲོས་འདེབས་ ༤ དང་ རྒྱལ་ཡོངས་དྲང་སྤྱོད་བརྟག་ཞིབ་ ༢༠༢༢ ལས་ གྲོས་འདེབས་ ༥ གསལ་སྟོན་འབད་ཡོདཔ་ད་ ཚོགས་ཆུང་གིས་ སྙན་ཞུ་བསྐྱར་ཞིབ་ལུ་ གཞིར་བཞག་སྟེ་ གྲོས་འདེབས་ ༣ ཕུལ་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་གྲོས་འདེབས་ཿ
༡༽ དྲང་སྤྱོད་དང་ ངན་ལྷད་བཀག་སྡོམ་གྱི་འབད་བརྩོན་སྐྱེད་མི་ ཁྲིམས་ལུགས་བསྟར་སྤྱོད་འབད་མི་དང་ ཚད་འཛིན་འབད་མི་ གཙུག་སྡེ་ཚུ་ལུ་ དབང་ཆ་སྤྲོད་ནི།
༢༽ དྲང་སྤྱོད་དང་ ངན་ལྷད་བཀག་སྡོམ་གྱི་ལས་རིམ་ཚུའི་ བལྟ་རྟོག་དང་དབྱེ་ཞིབ་གཞི་བཀོད་ཀྱི་ཡུན་བརྟན་བཟོ་ནི།
༣༽ འགན་འཁྲི་དང་ བལྟ་རྟོག་གི་ཐབས་ལམ་ཚུ་ ཤུགས་སྣོན་འབད་ནི།
༤༽ འོང་འབབ་བསྡུ་སྒྲུབ་འབད་ནིའི་ནང་ ངན་ལྷད་ཀྱི་ཉེན་ཁ་ཚུ་ སྔོན་འགོག་འབད་ནི།
སྙན་ཞུ་བསྐྱར་ཞིབ་འབད་བའི་ཤུལ་ལས་ ཚོགས་ཆུང་གིས་ གཤམ་གསལ་གྱི་གྲོས་འདེབས་ཚུ་ཕུལ་ཡིཿ
༡༽ ངན་ལྷད་ཀྱི་ལཱ་ཚུ་ མར་ཕབ་འབད་ནིའི་དོན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དྭངས་གསལ་དང་ དྲང་བདེན་གྱི་ ཤེས་ཡོན་དང་གོ་བ་བརྡ་སྤྲོད་ཚུ་ མི་མང་ལུ་མང་སུ་ཅིག་ འགོ་འདྲེན་འཐབ་དགོཔ།
༢༽ ངན་ལྷད་བཀག་ཐབས་ལུ་ མཐར་འཁྱོལ་བྱུང་མི་འདི་ གཞུང་གི་སྲིད་དོན་གྱི་ དམིགས་ཡུལ་སྒྲིང་སྒྲི་དང་ འཆར་དངུལ་དང་ མི་སྟོབས་ལངམ་སྦེ་ བགོ་བཀྲམ་འབད་མི་ལུ་བརྟེན་ཏེ་ཨིནམ་སྦེ་ བརྩི་འཇོག་འབད་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ འཆར་དངུལ་དང་ མི་སྟོབས་ལངམ་སྦེ་ བགོ་བཀྲམ་འབད་ནི།
༣༽ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་གཉིས་ མཉམ་འབྲེལ་ཐོག་ལས་ ཚོགས་རྒྱན་སྐྱུར་མི་ཚུ་ རང་སོའི་སྡོད་ས་ལས་ ཚོགས་རྒྱན་བཙུགས་ནི་ལུ་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ཚུ་ རྫོང་ཁག་རེ་རེ་ནང་ ངན་ལྷད་བཀག་ཐབས་ལུ་ འབྲུག་རྒྱལ་ཡོངས་བཙག་འཐུ་དང་ དུས་མིན་བཙག་འཐུའི་དོན་ལུ་ གཞི་བཙུགས་འབད་དགོཔ།
ནངས་པར་ ཚོགས་ཁང་གིས་ བསྐྱར་ཞིབ་སྙན་ཞུ་དང་ གྲོས་འདེབས་ཚུ་ འཕྲོ་མཐུད་དེ་ གསུང་གྲོས་གནང་ནི་ཨིན་པའི་གནས་ཚུལ། ཚོགས་ཆུང་གིས་ བསྐྱར་ཞིབ་སྙན་ཞུའི་དོན་ལུ་ འོག་གི་ཁ་བྱང་ནང་ལུ་ཨེབ་གནང། https://parliament.bt/uploads/topics/17320100921653.pdf དང་ ངན་ལྷད་བཀད་སྡོམ་ལྷན་ཚོགས་ཀྱི་ལོ་ལྟར་སྙན་ཞུ་ ༢༠༢༣-༢༠༢༤ དོན་ལུ་ འདི་ནང་ལུ་ཨེབ་གནང་། https://www.acc.org.bt/annual-reports/
Comment
Vote / Poll
How should the government react to Bhutanese leaving to Australa ?