Dark Mode
Thursday, 30 January 2025

Welcome to the National Assembly of Bhutan

གཞུང་གིས་ རྒྱུ་དངོས་ཁྲལ་གྱི་བཅའ་ཁྲིམས་ ༢༠༢༢ ཅན་མའི་ དོན་ཚན་ ༡༩ པ་དང་ ༢༠ པ་འཕྲི་སྣོན་འབད་དགོ་པའི་གྲོས་དོན་ཕུལ་ཡོདཔ།

གཞུང་གིས་ རྒྱུ་དངོས་ཁྲལ་གྱི་བཅའ་ཁྲིམས་ ༢༠༢༢ ཅན་མའི་ དོན་ཚན་ ༡༩ པ་དང་ ༢༠ པ་འཕྲི་སྣོན་འབད་དགོ་པའི་གྲོས་དོན་ཕུལ་ཡོདཔ།

སྤྱི་ཚེས་ ༢༩.༡༡.༢༠༢༤ ལུ་ སྒང་ཟུར་སྨིན་རྒྱས་འདེམས་ཁོངས་འཐུས་མི་གིས་ འབྲུག་གི་རྒྱུ་དངོས་ཁྲལ་གྱི་བཅའ་ཁྲིམས་ ༢༠༢༢ ཅན་མའི་ དོན་ཚན་ ༡༩ པ་དང་ ༢༠ པ་ འཕྲི་སྣོན་འབད་དགོ་པའི་ གྲོས་དོན་ཕུལ་ཡོདཔ་ད་ གྲོས་དོན་དེ་ནང་ སྤྱི་ལོ་ ༢༠༢༤ གི་ ལོ་འགོ་བཙུགས་པའི་སྐབས་ བཅའ་ཁྲིམས་དེ་ བསྟར་སྤྱོད་འབད་ནི་ནམ་དུས་ལུ་ བྱ་སྟབས་མ་བདེ་བའི་གནད་དོན་ལེ་ཤ་ཅིག་ ཐོན་ཡོད་པའི་སྐོར་ལས་ ཞུ་བ་ཕུལ་ཡོདཔ་ཨིན་མས།

དེ་སྦེ་ཚ་གྱས་བཀོད་མི་དེ་ཡང་ ཆུ་ཞིང་ལུ་ བརྒྱ་ཆ་ ༩༠ དང་ སྐམ་ཞིང་ལུ་ བརྒྱ་ཆ་ ༥༠ གི་ འདྲ་མཉམ་མེད་པའི་ ཡངས་ཆག་ཚུ་ཨིནམ་ད་ དེ་ཡང་ ས་ཆ་མ་འདྲཝ་ཡོད་མི་ལུ་བརྟེན་ དྲང་བདེན་གྱི་གཞི་རྩ་དང་ མ་མཐུནམ་ཨིན་པས། ད་རུང་ ད་རེས་ཀྱི་ས་ཆ་དབྱེ་བ་ཕྱེ་ནི་གི་ཐབས་ལམ་ ཁྲོམ་སྡེའི་ས་མཚམས་ལས་ ཀེ་ཀེ་སྦེ་ རིང་ཐུང་ལུ་གཞིར་བཞག་སྟེ་ དབྱེ་བ་ཕྱེ་མི་དེ་གིས་ ས་ཆའི་གནས་གོང་ངོ་མ་འདི་ གཏན་གཏན་སྦེ་ གསལ་སྟོན་འབད་མ་ཚུགསཔ་ལས་ འདྲ་མཉམ་གྱི་ལྟ་བ་འདི་ མེདཔ་བཏང་ཡོདཔ་ཨིན་མས།

གྲོས་དོན་འདི་གིས་ ས་ཆའི་དབྱེ་བ་གཉིས་ཆ་ར་ལུ་ འདྲ་མཉམ་གྱི་ ཡངས་ཆ་བྱིན་དགོཔ་སྦེ་ གྲོས་འཆར་བཀོད་དེ་ཡོདཔ་ད་ ས་ཆ་དབྱེ་བ་ཕྱེ་ནི་གི་ཐབས་ལམ་ཚུ་ ལོག་སྟེ་ར་ བརྟག་ཞིབ་འབད་དགོཔ་སྦེ་ཨིན་མས། དེ་ལས་ མི་སྡེའི་དོན་ལུ་ ཕན་འདེབས་འབད་མི་ས་ཚུ་ ས་ཁྲལ་བཀལ་ནི་ལས་ ཡངས་ཆག་གནང་ནིའི་དོན་ལུ་ ས་ཆའི་བདག་དབང་ནང་ སྙོམ་སྒྲིག་འབད་དགོཔ་ཨིན་མས། སྙོམ་མཐུན་བཟོ་མི་འདི་གིས་ རྒྱུ་དངོས་ཁྲལ་གྱི་ལམ་ལུགས་ དྲང་བདེན་ཅན་བཟོ་ནི་དང་ རྒྱལ་ཡོངས་བཟའ་འཐུང་ཉེན་སྲུང་ནང་ ལྷན་ཐབས་འབད་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་མས།

གྲོས་བསྟུན་འབད་བའི་སྐབས་ སོ་ནམ་དང་སྒོ་ནོར་བློན་པོ་གིས་ འབྲུག་གི་རྒྱུ་དངོས་ཁྲལ་གྱི་བཅའ་ཁྲིམས་ ༢༠༢༢ ཅན་མའི་ དོན་ཚན་ ༡༩ པ་དང་ ༢༠ པའི་ནང་ སོ་ནམ་ཐོན་སྐྱེད་ཡར་དྲག་གཏང་ནི་དང་ བཟའ་འཐུང་གི་ཉེན་སྲུང་ ཡར་དྲག་གཏང་ནི་ལུ་ དམིགས་གཏད་བསྐྱེད་དེ་ཡོདཔ་སྦེ་བཤད་ཅི། དོན་ཚན་དེ་ཚུ་ཡང་ སོ་ནམ་གྱི་ལཱ་འབད་ནི་ལུ་ སེམས་ཤུགས་བྱིན་ཐབས་ལུ་ འགོ་བཙུགས་ཡོདཔ་ད་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ ཐོན་སྐྱེད་ཀྱི་གནས་ཚད་འདི་ མར་ཕབ་འགྱོ་སྟེ་ཡོད་ནི་དེ་གིས་ཨིན་མས། བློན་པོ་གིས་ ས་ཁྲལ་བཀལ་ནིའི་ལམ་ལུགས་ལུ་ཡང་ བསྐྱར་ཞིབ་འབད་ནིའི་ རྒྱབ་སྐྱོར་ཕུལ་བའི་ཁར་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ གཞི་བཙུགས་འབད་མི་ ཆེ་རིམ་ཚོགས་ཆུང་འདི་གིས་ ཁྲོམ་སྡེ་དང་ གྲོང་གསེབ་གཉིས་ཆ་རའི་ནང་ ས་ཆའི་དབྱེ་བ་ཕྱེ་ནི་དང་ དེ་ལས་ ཁྲལ་གྱི་ཚ་གྱས་ཚུ་ ཐག་གཅད་ནི་གི་ བསམ་ཞིབ་འབད་དོ་ཡོདཔ་ཨིན་པས། དངུལ་རྩིས་བློན་པོ་གིས་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཆ་འཇོག་འབད་མི་ ཚོགས་ཆུང་དེ་ལུ་ ཆུ་ཞིང་དང་ སྐམ་ཞིང་ དེ་ལས་ རྒྱུ་དངོས་གནས་གོང་ཚད་གཞི་ཚུ་དང་འབྲེལ་བའི་ གནད་དོན་ཚུ་ཡང་ བརྟག་ཞིབ་འབད་ནིའི་ འགན་ཁུར་ཕོག་ཡོདཔ་སྦེ་ ངེས་གཏན་བཟོ་ཡོདཔ་ཨིན་མས།

དེ་ལས་ ཚོགས་ཁང་གིས་ གྲོས་དོན་དེ་ལུ་ ཚོགས་དམངས་ལས་ ངོས་ལེན་ཡོད་མེད་ ཕྱག་ཡར་སེང་ཐོག་ལས་གཟིགསཔ་ད་ མང་མོས་ཀྱིས་ རྒྱབ་སྐྱོར་གནངམ་བཞིན་དུ་ གྲོས་དོན་འདི་ ཆ་འཇོག་གྲུབ་གནང་པའི་ཤུལ་ གཞུང་ལུ་ ཆེ་རིམ་ཚོགས་ཆུང་གིས་ གྲུབ་འབྲས་ག་དེ་སྦེ་ བཏོན་ཡོདཔ་ཨིན་ནའི་ སྙན་ཞུ་ཕུལ་དགོཔ་མ་ཚད་ གནམ་བྱཱར་གྱི་ཚོགས་ཐེངས་ནང་ འབྲེལ་ཡོད་ལྷན་ཁག་ཚུ་གིས་ དང་ལེན་གྱི་ གྲུབ་འབྲས་ག་དེ་སྦེ་བཏོན་ཡོད་ག་ དེ་གི་དུས་མཐུན་སྙན་ཞུ་ཚུ་ ཕུལ་དགོཔ་སྦེ་ བཀའ་རྒྱ་གནང་ཡི། གྲོས་དོན་གྱི་གྲོས་འདེབས་ཚུ་ སོ་ནམ་དང་སྒོ་ནོར་ལྷན་ཁག་བརྒྱུད་དེ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ གཏང་དགོ་ནི་ཨིན་པའི་གནས་ཚུལ། 

 

Comment

Vote / Poll

How should the government react to Bhutanese leaving to Australa ?

View Results
Encourage them
67%
Discourage them
17%
Stop them from leaving
15%