འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་བཅའ་ཁྲིམས་ ༢༠༢༢ ཅན་མའི་ འཕྲི་སྣོན་གྱི་གྲོས་དོན།
ཕོགས་སྒྲིག་བཀོད་གཞི་སྒྱུར་བཅའ་ཁྲིམས་ ༢༠༢༢ ཅན་མ་དང་ འབྲུག་གི་ཞི་གཡོག་ལེགས་སྒྱུར་བཅའ་ཁྲིམས་ ༢༠༢༢ ཅན་མ་ལ་སོགས་པའི་ འབྲེལ་ཡོད་བཅའ་ཁྲིམས་གཞན་ཚུ་ བསྐྱར་ཞིབ་དང་ འཕྲི་སྣོན་འབད་དགོ་པའི་ གྲོས་དོན་ཕུལ་ཡི།
ཚོགས་ཆུང་གི་ཁ་ཐུག་ལས་ ཁྲིམས་ལུགས་འདི་ཚུ་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་ མ་མཐུནམ་སྦེ་ཡོདཔ་ལས་ སྤྱི་ཚོགས་ཀྱི་ཐོབ་དབང་དང་ ཞི་གཡོག་པའི་ཁེ་ཕན་ དེ་ལས་ ཕྱི་འབྲེལ་དོན་གཅོདཔ་དང་ གཞུང་ཚབ་ཡིག་ཚང་ཚུ་ནང་ ཕྱག་ཞུ་མི་ཚུ་གི་འཐུས་ཚུ་ལུ་ ཐོ་ཕོག་ཡོདཔ་སྦེ་ ཞུ་ཡི། གནད་དོན་གཙོ་བོ་ཚུ་ཡང་ ངལ་གསོ་གི་དངུལ་ཕོགས་དང་ ལོ་ལྟར་གྱི་ངལ་གསོ་ ཉིན་ལྟར་གྱི་འཚོ་བའི་འཐུས་ མར་ཕབ་འབད་ནི་ དེ་ལས་ སྣུམ་འཁོར་དང་ ཁྲལ་ཡངས་ཀྱི་ཐོབ་སྐལ་བཏོན་བཏང་ནི་ ཕྱིར་སྡོད་ཟུར་འཐུས་ཀྱི་དངུལ་སོར་ཚད་གཞི་ རྩ་བརྟན་མེདཔ་ དེ་ལས་ EMC ལས་བྱེདཔ་ཚུ་ལུ་ གསོ་བའི་ཞབས་ཏོག་ཚུ་ འོས་འབབ་ལྡནམ་སྦེ་ ཐོབ་མ་ཚུགས་མི་ཚུ་ཨིན་པས། འདི་ཚུ་གིས་ མི་མང་ལས་བྱེདཔ་ཚུ་གི་ སེམས་ཤུགས་ཉམས་བཅུག་སྟེ་ གལ་ཆེ་བའི་ཞབས་ཏོག་ཚུ་ལུ་ ཐོ་ཕོག་སྟེ་ ལོ་ལྔའི་འཆར་གཞི་ ༡༣ པ་ ལག་ལེན་འཐབ་ནི་ལུ་ སྟབས་མ་བདེཝ་བྱུང་སྟེ་ཡོདཔ་ཨིན། གྲོས་དོན་ནང་ གཞུང་གིས་ སྤྱི་ལོ་ ༢༠༢༥ ལོའི་ རྒྱལ་ཡོངས་ཚོགས་འདུའི་ གནམ་བྱཱར་གྱི་ ཚོགས་ཐེངས་སྐབས་ ཡོངས་རྫོགས་བསྐྱར་ཞིབ་དང་ འཕྲི་སྣོན་གྱི་དོན་ལུ་ དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་བཅའ་ཁྲིམས་ ༼འཕྲི་སྣོན་༽ དཔྱད་ཡིག་ཕུལ་དགོཔ་སྦེ་ བཀོད་ཡོདཔ་ད་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ འབྲེལ་ཡོད་ཚོགས་ཆུང་གིས་ ཞི་གཡོག་གཞི་སྒྱུར་བཅའ་ཁྲིམས་ ༢༠༢༢ ཅན་མ་དེ་ བསྐྱར་ཞིབ་འབད་ནི་ཨིན་པས།
གྲོས་དོན་གུར་ གྲོས་བསྡུར་འབད་བའི་སྐབས་ འཐུས་མི་མང་ཤོས་ཅིག་གིས་ གྲོས་དོན་འདི་ལུ་ རྒྱབ་སྐྱོར་ཡོད་པའི་སྐོར་ལས་ ཞུ་ཡོད་རུང་ དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་བཅའ་ཁྲིམས་ འཕྲི་སྣོན་འབད་མི་དེ་ རྩ་ཁྲིམས་ཆེན་མོའི་ དོན་ཚན་ ༣༠ པ་དང་འཁྲིལ་ གཙོ་བོར་བསྟེན་ཡོདཔ་ཨིན་པས།
ཚོགས་ཁང་གིས་ དུས་ཡུན་རིངམོ་སྦེ་ གྲོས་བསྡུར་འབད་བའི་ཤུལ་ལུ་ གྲོས་དོན་དེ་ རྒྱན་བསྐྱུར་ཚོགས་གྲལ་ནང་ འཐུས་མི་བསྡོམས་ ༤༡ ཡོད་ས་ལས་ འཐུས་མི་ ༣༢ ཀྱིས་བཏུབ་དང་ འཐུས་མི་ ༢ ཀྱིས་མ་བཏུབ་ དེ་ལས་ འཐུས་མི་ ༧ གྱིས་འཛེམས་བཞུགས་ཡོདཔ་ཨིན་མས།
comment
vote / poll
How should the government react to Bhutanese leaving to Australa ?