Dark Mode
Monday, 08 September 2025
ལོ་ལྔའི་ འཆར་གཞི་ ༡༣ པའི་ བསྐྱར་ཞིབ་སྙན་ཞུའི་  གསུང་གྲོས་འཕྲོ་མཐུད་དང་ ཆ་འཇོག།

ལོ་ལྔའི་ འཆར་གཞི་ ༡༣ པའི་ བསྐྱར་ཞིབ་སྙན་ཞུའི་ གསུང་གྲོས་འཕྲོ་མཐུད་དང་ ཆ་འཇོག།

ད་རིས་ ཚོགས་ཁང་གིས་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གིས་ཕུལ་ཡོད་མི་ ལོ་ལྔའི་འཆར་གཞི་ ༡༣ པའི་ གྲོས་འདེབས་གུ་ གསུང་གྲོས་འཕྲོ་མཐུད་དེ་གནང་ཡོདཔ་ཨིན།

དམིགས་བསལ་གྱི་གྲོས་འདེབས་དགུ་དང་ སྤྱིར་བཏང་གི་གྲོས་འདེབས་གཅིག་གུ་ གྲོས་བསྡུར་གནང་སྟེ་  དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གིས་ གྲོས་འདེབས་ཕུལ་མི་ཚུ་ གཤམ་གསལ་ལྟར་ ངོས་ལེན་མཛད་དེ་ ཚོགས་དམངས་ཀྱིས་ ལོ་ལྔའི་འཆར་གཞི་ ༡༣ པ་འདི་ ཆ་འཇོག་གནང་ཡི།

༡༽ གྲོས་འདེབས་ གཉིས་པ། ཐོན་སྐྱེད་བགོ་བཀྲམ་ཐབས་གཞི་གི་དོན་ལུ་ ས་གནས་འདི་ནང་སྡོད་མི་གི་ དཔྱ་སྙོམས་ཀྱི་མི་རློབས་གྲངས་རྩིས་དང་ ས་གནས་འདི་ནང་ གནས་སྐབས་ཀྱི་དོན་ལུ་སྡོད་པའི་མི་རློབས་ཀྱི་ཐོ་གི་ཚབ་ལུ་ ས་གནས་འདི་ཁར་ཐོ་བཀོད་གྲུབ་པའི་མི་རློབས་ཀྱི་ཐོ་ལག་ལེན་འཐབ་དགོ།

༢༽གྲོས་འདེབས་ གསུམ་པ། ས་གནས་ས་ཁོངས་ཀྱི་འཆར་གཞི་ ཆ་འཇོག་གྲུབ་མི་དང་བསྟུན་ རྫོང་ཁག་ཁྲོམ་སྡེ་དང་ཡན་ལག་ཁྲོམ་སྡེ་ཚུ་གི་ ཐོན་སྐྱེད་བགོ་བཀྲམ་འདི་ཡང་ སོ་སོར་སྦེ་འབད་དགོ།

༣༽ གྲོས་འདེབས་ བཞི་པ། ཁྲིམས་བཟོ་དང་བསྟར་སྤྱོད་འབད་མི་གིས་ ཐོན་སྐྱེད་དཔྱ་བགོ་དང་ མ་འོངས་ཐོན་སྐྱེད་དགོས་མཁོ་ཚོད་དཔག་ལྷན་ཐབས་འབྱུང་ནི་ཨིནམ་ལས་ ལས་ཁུངས་ཁག་གི་ཐོན་སྐྱེད་༼འཆར་དངུལ༽དཔྱ་བགོའི་ཡིག་ཆས་འདི་ཡང་ རྩིས་ལོ་ ༢༠༢༤-༢༠༢༥ གི་ རྒྱལ་ཡོངས་འཆར་དངུལ་གྱི་ ཡིག་ཆས་ནང་ལུ་འཁོད་དེ་ཡོདཔ་བཟུམ་སྦེ་བཟོ་དགོཔ། 

༤༽ གྲོས་འདེབས་ དྲུག་པ། ལས་འགུལ་ཆེ་བ་ཚུའི་ བསྟར་སྤྱོད་འབད་ནི་ དེ་གི་དྭངས་གསལ་ དེ་ལས་ཚོད་དཔག་འབད་ནི་དང་ ལས་འགུལ་འདི་ རིམ་མཐུན་སྦེ་འགྲུབ་ཐབས་ལུ་ འཆར་གཞི་ནང་ལུ་ འཆར་དངུལ་དང་ཐོན་སྐྱེད་གྱི་བརྡ་སྟོན་ཚུ་ཡང་སྒྲིགས་དགོ།

༥༽ གྲོས་འདེབས་ བདུན་པ། གཞུང་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་ ༡  འདི་ཞིབ་འཚོལ་དང་ གོང་འཕེལ་གྱི་དོན་ལུ་དཔྱ་བགོ་འབད་དགོཔ་དང་ དེ་ཡང་ ཞིབ་འཚོལ་གཞི་རྟེན་དང་ ཁུངས་ལྡན་ཞིབ་འཚོལ་ དེ་ལས་ བརྟག་ཞིབ་གོང་འཕེལ་དོན་ལུ་བཞག་དགོ།

༦༽ གྲོས་འདེབས་ བརྒྱད་པ་། གཞུང་གིས་ ལོ་ལྔའི་ འཆར་གཞི་ ༡༣ པའི་ནང་ ཁ་གསལ་གྱི་ མི་སྟོབས་གོང་འཕེལ་ འཆར་གཞི་ཨམ་དང་གཅིག་ཁར་ བརྩོན་ཤུགས་ཅན་གྱི་ཐོན་སྐྱེད་ བཀོ་བཀྲམ་ འབད་ནི་དང་  མི་སྟོབས་གོང་འཕེལ་ ཡར་རྒྱས་གཏང་ནི་ལུ་ དངུལ་ཀྲམ་ཐེར་འབུམ་ ༢ ལས་ བརྒྱ་ཆ་ ༠.༨༡ དང་ དངུལ་ཀྲམ་ ཐེར་འབུམ་ ༤.༩ ལས་ བརྒྱ་ཆ ༢ གཏང་དགོ།

༧༽ གྲོས་འདེབས་ དགུ་པ། ལཱ་གཡོག་མེད་མི་དང་ སློབ་གྲྭ་ལས་ཐོན་སྡོད་མི་ ན་གཞོན་ཚུའི་དོན་ལུ་ རྩེད་རིགས་ཀྱི་མཐུན་རྐྱེན་གོང་འཕེལ་གྱི་དོན་ལུ་ གཞུང་གིས་ གཏན་རྩའི་ཐོན་སྐྱེད་དཔྱ་དགོ་འབད་དགོ།

༨༽ གྲོས་འདེབས་ བཅུ་པ། འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༡༤ པའི་དོན་ཚན་ ༢ པ་དང་འཁྲིལ་ གཞུང་གིས་ དཔལ་འབྱོར་ལྷན་ཐབས་མ་དངུལ་འདི་ དྭངས་གསལ་ འགན་ཁུར་ཅན་དང་ འགན་འཁྲི་གི་དོན་ལུ་ ལོ་ལྔའི་འཆར་གཞི་ ༡༣ པའི་ དངུལ་འབྲེལ་ གཞི་བཀོད་ནང་བཙུགས་དགོ།

གྲོས་འདེབས་ དང་པ་འདི་ཡང་ རྒེད་འོག་དང་ རྫོང་ཁག་ དེ་ལས་ ཁྲོམ་སྡེ་ནང་ལུ་ ཚད་གཞི་གཅིག་མཚུངས་བཟོ་སྟེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཚད་འཛིན་ ༼ལོག་ཕྱོགས་༽ མར་ཕབ་འབད་ནི་དང་ ཚད་འཇལ་ཐབས་གཞི་འདི་ རྒེད་འོག་ནང་བཟུམ་སྦེ་ ལག་ལེན་འཐབ་ནི། དེ་ལས་ ཐོན་སྐྱེད་བགོ་བཀྲམ་གྱི་ཐབས་གཞི་ འབད་བའི་སྐབས་ ཚད་ལྡན་ལོག་སྒྱུར་ལག་ལེན་འཐབ་ནི་འདི་ མ་དགོཔ་བཟོ་ནི། དེ་ལས་ གྲོས་འདེབས་ ༥  ས་གནས་གཞུང་ལུ་  ལས་འགུལ་གྱི་རྣམ་པ་ PTA  དང་  གོང་འཕེལ་ཆུང་བའི་ལས་འགུལ་ SDP ཐོན་སྐྱེད་ བགོ་བཀྲམ་འདི་ གནང་སྦྱིན་གྱི་མ་དངུལ་ བགོ་བཀྲམ་འབད་དོ་བཟུམ་སྦེ་ བཀོ་བཀྲམ་འབད་དགོ་ཟེར་མི་འདི་ ཕྱག་ཡར་སེང་ཐོག་ལས་ མང་མོས་ཀྱིས་ རྒྱབ་སྐྱོར་ཐོབ་སྟེ་འདུག།

དེ་ལས་ ཚོགས་དམངས་ལས་ ངོས་ལེན་ ཡོད་མེད་ རྒྱན་སྐྱུར་ཐོག་ལས་གཟིགསཔ་ད་ རྒྱན་སྐྱུར་འཐུས་མི་ཡོངས་བསྡོམས་ ༤༢ ཡོད་ས་ ལས་ འཐུས་མི་ ༣༨ ཀྱིས་་བཏུབ་དང་ འཐུས་མི་ ༣ གྱི་མི་བཏུབ་ དེ་ལས་ འཐུས་མི་ ༡  ཀྱིས་འཛེམས་བཞུགས་རུང་ མང་མོས་ ཐོག་ལས་ ལོ་ལྔའི་ འཆར་གཞི་ ༡༣ པའི་གུར་ ཆ་སྦྱོར་གནང་ཡོད་པའི་གནས་ཚུལ།

Comment