
འབྲུག་གི་གཉེན་འབྲེལ་ ༼འཕྲི་སྣོན་༽ དཔྱད་ཡིག་ ༢༠༢༤ ཅན་མའི་ ལྷག་ཐེངས་གསུམ་པ།.
གྲོས་གཞི་གུ་ གསུང་གྲོས་མ་གནང་པའི་ཧེ་མ་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གི་ངོ་ཚབ་སྦེ་ ཚོགས་དཔོན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཐའི་ལེནཌ་ རྒྱལ་ཁབ་ནང་ཡོད་པའི་ གཙུག་ལག་སློབ་སྡེ་བདུན་གྱིས་ དུང་དཀར་རྫོང་ནང་ལུ་སྦེ་ ཆེ་བསྟོད་མཁས་དབང་གི་ སྐུ་ཡོན་ཕྱག་ཁྱེར་ཕུལ་ཡོད་མི་དེ་ལུ་ ཡིད་ཆེས་གུས་བཏུད་ཀྱི་ བཀྲིས་བདེ་ལེགས་ཕུལ་ཡི།
ཚོགས་དཔོན་གྱིས་ ཞུ་མི་ནང་ལུ་ ག་ནི་བ་ཁག་ཆེ་བའི་མཛད་རིམ་དེ་བཟུམ་འདི་ འབྲུག་གི་རྒྱལ་རབས་ཅན་གཅིག་ཨིནམ་དང་ མི་སེར་ཚུ་ དཔའ་ཉམས་ཐོབ་པའི་ འབྲུག་དང་ཐའི་ལེནཌ་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཤེས་རིག་དང་ལམ་སྲོལ་བཟང་པོའི་ཐོག་ལས་ གཏིང་ཟབ་ཆེ་བའི་ བཟའ་བཤེས་མཐུན་འབྲེལ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་ཟེར་ཞུ་ཡི། དེ་དང་གཅིག་ཁར་ ཚོགས་དཔོན་གྱིས་ སྤྱི་ཚོགས་ཀྱིས་ མི་དབང་མཆོག་གིས་ དེ་བཟུམ་གྱི་ མཛད་རྣམ་ལས་དཔེ་བླངས་ཏེ་ རྒྱལ་ཁབ་ཡར་སྐྱེད་གཏང་ཐབས་དང་ གཅིག་མཐུན་མཉམ་རུབ་ཀྱི་ཕྱག་ཞུ་ནི་ལུ་ སེམས་ཤུགས་བསྐྱེད་དགོ་ཟེར་ཞུ་ཡི།
ཁྲིམས་དོན་ཚོགས་ཆུང་གི་ཁྲི་འཛིན་ ཉི་ཤོག་སྲས་ཕུག་འདེམས་ཁོངས་ཀྱི་འཐུས་མི་གིས་ འབྲུག་གི་གཉེན་འབྲེལ་ ༼འཕྲི་སྣོན་༽ དཔྱད་ཡིག་ ༢༠༢༤ ཅན་མའི་ལྷག་ཐེངས་གསུམ་པའི་ སྙན་ཞུ་ཕུལ་ཡི། འཕྲི་སྣོན་འདི་ཡང་ ཕོ་དང་མོ་གཉིས་ཆ་ར་གི་ གཉེན་རྐྱབ་ནིའི་ལོ་ཚད་འདི ༡༨ སྦེ་ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་དབང་གི་ གནས་ཚད་དང་སྒྲིག་མཐུན་བཟོ་ནི་ལུ་ གྲོས་འཆར་བཀོདཔ་ཨིནམ་སྦེ་ཞུ་ཡི།
འཕྲི་སྣོན་ཕུལ་མི་འདི་ཡང་ འབྲུག་རྒྱལ་ཁབ་ཀྱི་དམ་བཅའ་ འཛམ་གླིང་གི་འགྲོ་ལུགས་དང་མཐུན་ནི་སྦེ་ སྤྱི་ལོ་ ༡༩༩༦ ལུ་ འཕྲི་སྣོན་འབད་ཡོད་མི་དང་འཁྲིལཝ་ད་ འབྲུག་གི་གཉེན་འབྲེལ་བཅའ་ཁྲིམས་ ༡༩༨༠ ཅན་མའི་ནང་ ཨིང་སྐད་ཀྱི་ སྐད་སྒྱུར་དེ་ མཐུན་ཏོག་ཏོ་མེདཔ་ལས་བརྟེན་ཏེ་ཨིན་མས།
ཚོགས་དམངས་ཀྱིས་ འཕྲི་སྣོན་འདི་ལུ་ རྒྱབ་སྐྱོར་འབད་ཡོད་རུང་ འཐུས་མི་ཚུ་གིས་ ཕོ་མོ་གཉིས་ཆ་ར་གི་ གཉེན་རྐྱབ་ནི་གི་ལོ་ཚད་འདི་དང་ ལོ་ན་མ་སྨིན་པའི་གཉེན་འབྲེལ་གྱི་སྐོར་ དོགས་སེལ་ཧེང་སྐལ་ འབད་དགོ་པའི་ཞུ་བ་ཕུལ་ཡི།
ཚོགས་ཁང་གིས་ ཁྲིམས་དོན་ཚོགས་ཆུང་གིས་ གྲོས་འདེབས་ཚུ་གུ་ གྲོས་བསྡུར་འབད་ཞིནམ་ན་ ལོག་ནངས་པར་ ཚོགས་ཁང་ནང་ དཔྱད་ཡིག་འདི་ ཆ་འཇོག་མ་གྲུབ་པའི་སྔོན་མར་ ཕུལ་དགོཔ་སྦེ་ བཀའ་གནང་ཡོདཔ་ཨིན།