ལས་སྣའི་རིགས།
དཔྱད་ཡིག་ཆ་འཇོག་གནང་ཐངས།
དཔྱད་ཡིག་ཅིག་ ཚོགས་འདུའི་འཐུས་མི་ མང་ཤོས་ཀྱིས་རྒྱབ་སྐྱོར་ཡོད་མི་ ཡང་ན་
འཐུས་མི་ངོ་བཞུགས་ གསུམ་དཔྱ་གཉིས་ལུ་ གཞི་བཞག་སྟེ་ ཆ་འཇོག་གནངམ་ཨིནམ་ད་
སྤྱི་ཚོགས་ལྷན་བཞུགས་ཨིན་པ་ཅིན་ ཚོགས་རྒྱན་བཙུགས་ཐོག་ལས་ ཆ་འཇོག་ གནངམ་ཨིན།
ཁྲལ་དང་ གཞུང་གི་ཟད་རྩིས་དང་འབྲེལ་བའི་ ཏི་རུ་དང་
དངུལ་འབྲེལ་དཔྱད་ཡིག་གི་རིགས་ཨིན་པ་ཅིན་ རྒྱལ་ཡོངས་ཚོགས་འདུ་གིས་རྐྱངམ་གཅིག་
ངོ་སྤྲོད་ཕུལ་ཆོག།
རྒྱལ་ཡོངས་ཚོགས་འདུ་གིས་ངོ་སྤྲོད་ཕུལ་ཏེ་ ཆ་འཇོག་གྲུབ་པའི་དཔྱད་ཡིག་ཚུ་
ཆ་འཇོག་གྲུབ་པའི་ཉིནམ་ལས་ ཉིན་ གྲངས་༣༠ འི་ནང་འཁོད་
རྒྱལ་ཡོངས་ཚོགས་སྡེ་ལུ་བཙུགས་དགོ། རྒྱལ་ཡོངས་ཚོགས་སྡེ་ལས་ཆ་འཇོག་གྲུབ་པ་ཅིན་
བཀའ་གྲོལ་གྱི་དོན་ལུ་ ཉིན་གྲངས་༡༥ འི་ནང་འཁོད་ འབྲུག་རྒྱལཔོ་མཆོག་ལུ་ཕུལ་དགོ།
ཚོགས་ཁང་གཉིས་ཀྱི་བར་ན་མོས་མཐུན་འབྱུང་མ་ཚུགས་པའི་ རྙོག་འཛིང་རེ་ཡོད་པ་ཅིན་
མོས་མཐུན་བྱུང་ཐབས་དང་ ཆ་འཇོག་འགྲུབ་ཐབས་ལུ་
སྤྱི་ཚོགས་ལྷན་བཞུགས་ཅིག་འཚོགས་གནངམ་ཨིན།
འཆར་དངུལ་དང་ འཕྲལ་མཁོའི་དཔྱད་ཡིག་ཚུ་ ངོ་སྤྲོད་ཕུལ་བའི་ཚོགས་ཐེངས་དེ་ནང་ལས་ར་
ཆ་འཇོག་གནངམ་ཨིན། འཕྲལ་མཁོའི་དཔྱད་ཡིག་ཅིག་ སྤྱི་ཚོགས་ཀྱི་ཚོགས་ཁང་གང་རུང་ ཡང་ན་
གཞུང་གིས་བཙུགས་ཆོག།
འཆར་དངུལ་དཔྱད་ཡིག།
དངུལ་རྩིས་བློན་པོ་གིས་ ངོ་སྤྲོད་ཕུལ་བའི་འཆར་དངུལ་དཔྱད་ཡིག་ཚུ་ སྤྱི་ཚོགས་ཀྱི་ཚོགས་རིམ་དེ་ནང་ལས་ར་
ཆ་འཇོག་ གནངམ་ཨིན།
ཚོགས་འདུ་ལས་ཆ་འཇོག་གྲུབ་པའི་ འཆར་དངུལ་དཔྱད་ཡིག་དེ་ ཚོགས་སྡེའི་ནང་གསུང་གྲོས་གནང་ནི་དོན་ལུ་བཙུགས་ཞིནམ་ ལས་ ཆ་འཇོག་གྲུབ་པའི་དཔྱད་ཡིག་ཅིག་སྦེ་དང་ ཡང་ན་ རྒྱབ་སྣོན་འོས་སྦྱོར་ཚུ་དང་གཅིག་ཁར་ ཉིན་གྲངས་ལྔ་གི་ནང་འཁོད་ ལོག་སྟེ་ཚོགས་འདུ་ལུ་བཙུགས་དགོ། ཚོགས་འདུ་གིས་ ཚོགས་སྡེའི་རྒྱབ་སྣོན་འོས་སྦྱོར་ ཆ་མཉམ་ ཡང་ན་ ཆ་ཤས་ཅིག་ ངོས་ལེན་ ཡང་ན་ ཆ་མེད་གནང་སྟེ་ དཔྱད་ཡིག་དེ་ ཉིན་གྲངས་༡༥ གི་ནང་འཁོད་ བཀའ་གྲོལ་གྱི་དོན་ལུ་ འབྲུག་རྒྱལ་པོ་ མཆོག་ལུ་ཕུལཝ་ཨིན། ཚོགས་སྡེ་གིས་ ཉིན་གྲངས་ལྔ་གི་ནང་འཁོད་ དཔྱད་ཡིག་དེ་ ཆ་འཇོག་ ཡང་ན་ ལོག་སྟེ་མ་བཙུགས་པ་ཅིན་ ཆ་འཇོག་གྲུབ་པའི་གྲངས་སུ་བརྩི་འཇོག་འབད་དེ་ ཚོགས་འདུ་གིས་ བཀའ་གྲོལ་གྱི་དོན་ལུ་ ཕུལཝ་ཨིན། སྤྱི་ཚོགས་ལས་ཆ་འཇོག་གྲུབ་པའི་ འཆར་དངུལ་བཅའ་ཁྲིམས་དེ་ ངེས་པར་དུ་ དངུལ་རྩིས་ལྷན་ཁག་གིས་ དཔེ་སྐྲུན་འབད་དགོ།
དྲི་བཀོད་ཀྱི་ལས་རིམ།
རྒྱལ་ཡོངས་ཚོགས་འདུའི་བྱ་རིམ་ཚུ་གི་གྲས་ལས་ དྲི་བཀོད་ཀྱི་ལས་རིམ་དེ་
དམིགས་བསལ་དུ་གལ་ཆེ་བའི་བྱ་རིམ་ཅིག་ ཨིནམ་ལས་ རེས་གཟའ་ལྷག་པ་དང་སྤེན་པ་ ཨ་རྟག་ར་
དྲོ་པའི་ཆུ་ཚོད་༡༠ ལས་ ཉིན་མའི་ཆུ་ཚོད་༡༡.༣༠ ཚུན་
སྤྱི་ཚོགས་ཀྱི་ཚོགས་རིམ་སྐབས་སུ་གནངམ་ཨིན། དྲི་བཀོད་ཀྱི་ལས་རིམ་སྐབས་སུ་
འཐུས་མི་ཚུ་གིས་ གཞུང་གི་བློན་པོ་ཚུ་ལུ་ གཞུང་གི་འཆར་གཞི་ལས་སྣ་ཁག་དང་འབྲེལ་བའི་དྲི་བ་བཀོདཔ་ཨིན།
བློན་པོ་ཚུ་གིས་ སྤྱི་ཚོགས་ཀྱི་གྲོས་ཆོད་དང་འཁྲིལ་ཏེ་ ལག་ལེན་བསྟར་སྤྱོད་མཛད་མ་མཛད་ཀྱི་ལན་རྐྱབ་དགོ།
དྲི་བ་ཚུ་གི་བརྡ་འཕྲིན།
འཐུས་མི་ཅིག་གིས་ ཞུ་འདོད་ཡོད་པའི་དྲི་བ་དེ་གི་སྐོར་ལས་
ཉུང་ཤོས་ཉིན་གྲངས་གཉིས་ཀྱི་སྔ་གོང་ལས་ ཡོངས་ཁྱབ་ དྲུང་ཆེན་ལུ་
ཡིག་ཐོག་ལས་བརྡ་འཕྲིན་གཏང་དགོཔ་ཨིནམ་ད་ དྲི་བ་དེ་ དྲི་བཀོད་ལས་རིམ་ནང་
བཙུགས་ནིའི་དོན་ལུ་ ཚོགས་དཔོན་ལས་གནང་བ་འགྲུབ་དགོ། ཚོགས་དཔོན་ལས་གནང་བ་གྲུབ་པའི་
དྲི་བ་ཚུའི་འདྲ་རེ་ ཉུང་ཤོས་ དྲི་བཀོད་ ལས་རིམ་ཚོགས་བཞུགས་ཀྱི་ ཉིནམ་གཅིག་གི་ཧེ་མར་
འཐུས་མི་ཚུ་ལུ་གཏངམ་ཨིན།
ལན་ངག་ཐོག་ལས་དགོ་པའི་འཐུས་མི་དེ་གིས་ ཡོངས་ཁྱབ་དྲུང་ཆེན་ལུ་བཏང་བའི་ དྲི་བའི་བརྡ་འཕྲིན་གུར་
“ངག་ཐོག་ལན་གྱི་དོན་ལུ་” ཟེར་བྲིས་ཏེ་གཏང་དགོ།
དུས་ཡུན།
དྲི་བ་ཅིག་ དུས་ཡུན་སྐར་མ་གསུམ་གྱི་ནང་འཁོད་མཇུག་བསྡུ་དགོཔ་ཨིནམ་ད་ དྲི་བ་དེའི་ལན་ དུས་ཡུན་སྐར་མ་ བདུན་གྱི་འཁོད་ལུ་ མཇུག་བསྡུ་དགོཔ་ཨིན། དེ་བཟུམ་སྦེ་ ཁ་སྐོང་དྲི་བ་གང་རུང་ཡོད་པ་ཅིན་ དུས་ཡུན་སྐར་མ་ གཉིས་ཀྱི་ནང་འཁོད་མཇུག་བསྡུ་དགོཔ་དང་ དེ་གི་ལན་ཡང་ སྐར་མ་ལྔ་གི་ནང་འཁོད་ལུ་ མཇུག་བསྡུ་དགོཔ་ཨིན། འཐུས་མི་ཚུ་ལས་ལྷོད་པའི་དྲི་བ་ཚུའི་ལན་རྐྱབ་ནིའི་དོན་ལུ་ ལྷན་ཁག་ཚུ་ སྡེ་ཚན་བཞིའི་དབྱེ་ཁག་བཟོ་སྟེ་ཡོད།